ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་དགྲ་ཕྱོགས་ཀྱི་ཉེན་ཁར་གདོང་ལེན་བྱེད་ཕྱོགས་ཀྱི་ཚོད་ལྟའི་དམག་སྦྱོང་བྱས།


རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་དགྲ་ཕྱོགས་ཀྱི་ཉེན་ཁར་གདོང་ལེན་བྱེད་ཕྱོགས་ཀྱི་ཚོད་ལྟའི་དམག་སྦྱོང་བྱས།
རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་དགྲ་ཕྱོགས་ཀྱི་ཉེན་ཁར་གདོང་ལེན་བྱེད་ཕྱོགས་ཀྱི་ཚོད་ལྟའི་དམག་སྦྱོང་བྱས།

ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོ་མཉམ་སྦྲེལ་ཐོག་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་དྲག་པོའི་སྦྱོང་བརྡར་བྱས་སྐབས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གིས་དེ་ཁུལ་དུ་མཁའ་མཚོ་གཉིས་ཀྱིས་དགྲ་ཕྱོགས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཚོད་ལྟའི་དམག་སྦྱོང་བྱས་འདུག་ཅེས་ཨེ་པི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག

དེ་ཡང་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐད་རྒྱ་ནག་དང་ཕྷི་ལི་པིན་གཉིས་དབར་འཐབ་རྩོད་དང་ཁ་གཏད་གདོང་ལེན་ཤུགས་ཆེ་བྱེད་རེས་བྱེད་ཀྱི་ཡོད་པ་དེས་མངའ་ཁུལ་དེའི་ནང་དངངས་འཚབ་ཀྱི་གནས་སྟངས་ཆེ་རུ་འགྲོ་ཡི་ཡོད་པར་བརྟེན་ཨ་རིས་གནས་སྟངས་དེའི་ཐོག་ཐེ་བྱུས་མ་བྱེད་ཀ་མེད་གྱུར་འདུག གང་ལགས་ཞེ་ན། ཨ་རི་དང་ཕྷི་ལི་པིན་གཞུང་གཉིས་དབར་བདེ་འཇགས་སྲུང་སྐྱོབ་ཀྱི་ཆིངས་ཡིག་ལ་མོས་མཐུན་བྱས་ཡོད། ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་བདག་དབང་ཐད་འཐབ་རྩོད་བྱེད་མཁན་ཕྷི་ལི་པིན་ཐེ་བའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་དང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་མཚོ་གླིང་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་པར་ངོས་ལེན་བྱས་མེད་པ་དེར་རྒྱ་ནག་གིས་རྩིས་མེད་བཏང་སྟེ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཡོད་པའི་མཚོ་གླིང་ཕལ་མོ་ཆེ་བའི་བདག་དབང་རྒྱ་ནག་ལ་ཡོད་ལུགས་བརྗོད་ཀྱི་ཡོད། དེ་སྔ་ཕྱི་ལོ་༢༠༡༢ལོར་རྒྱ་ནག་གིས་ཕྷི་ལི་པིན་ས་ནས་སེ་ཁར་བྷོ་རོ་ཤོལ་ཞེས་པའི་གླིང་ཕྲན་གྱི་གཡས་གཡོན་རྣམས་བཙན་བཟུང་བྱས་ཡོད་པ་དང་བཙན་བཟུང་བྱས་པའི་གླིང་ཕྲན་དེ་ཁུལ་དུ་རྒྱ་ནག་གི་ལྷོ་ཕྱོགས་དཔུང་སྡེས་མཁའ་མཚོ་གཉིས་ཀྱི་ཐོག་ནས་དགྲ་ཕྱོགས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་དམག་སྦྱོང་ཞིག་བྱས་ཡོད་ལུགས་རེས་གཟའ་ལྷག་པའི་ཉིན་དཔུང་སྡེ་དེའི་དམག་དཔོན་ཞིག་གིས་བརྗོད་འདུག ཟུར་གསུམ་ཅན་གྱི་སི་ཁར་བྷོ་རོབ་ཤོལ་གླིང་ཕྲན་དེ་ནི་ཕྷི་ལི་པིན་གྱི་ནུབ་སུ་ཆགས་པའི་ལུ་ཛོན་ཞེས་པའི་གླིང་ཕྲན་ནས་རྒྱང་ཐག་ཀི་ལོ་མི་ཀྲར་༢༤༠ཙམ་ལ་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཧེའི་ནན་ས་གནས་ནས་རྒྱང་ཐག་ཀི་ལོ་མི་ཀྲར་༩༠༠ཙམ་ལ་ཡོད་པ་རེད། རྒྱ་ནག་གིས་ད་ལྟའི་དམག་སྦྱོང་དེའི་ནང་དགྲ་ཕྱོགས་ཀྱི་ཉེན་ཁར་མགྱོགས་པོ་གདོང་ལེན་བྱེད་ཕྱོགས་སུ་སྔོན་ཚུད་ནས་དྲག་པོའི་མྱུལ་ཞིབ་དང་སྔོན་བརྡ། དེ་བཞིན་མཁའ་མཚོ་གཉིས་མཉམ་རུབ་ཀྱིས་ནུས་པ་ལྡན་པའི་ཁ་གཏད་གདོང་ལེན་བྱ་རྒྱུ་བཅས་ལ་དམིགས་པ་ཞིག་ཡིན་འདུག

ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་མངའ་ཁུལ་དུ་རྒྱ་ནག་གིས་མཁའ་མཚོ་གཉིས་ནས་དམག་སྦྱོང་བྱས་པ་དེ་བཞིན་རེས་གཟའ་ལྷག་པའི་ཉིན་ཕྷི་ལི་པིན་གྱི་དཔུང་དམག་གིས་ཨ་རི་དང་ཁེ་ནེ་ཌ་ ཨོ་སི་ཀྲོ་ལི་ཡ་བཅས་ཀྱི་དཔུང་དམག་མཉམ་དུ་ཉིན་གཉིས་རིང་མཁའ་མཚོ་གཉིས་ཀྱི་ཐོག་ནས་དམག་སྦྱོང་བྱས་པའི་སྐབས་ལ་རྒྱ་ནག་གིས་གསལ་བསྒྲགས་དེ་བྱས་པ་ཞིག་ཡིན་འདུག ཕྷི་ལི་པིན་གྱི་དམག་མིའི་དཔོན་རིགས་ཚོས་བརྗོད་པར་གཞིགས་ན། ཕྷི་ལི་པིན་དང་ཕྷི་ལི་པིན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཨ་རི་དང་། ཁེ་ནེ་ཌ། ཨོ་སི་ཀྲོལ་ལི་ཡ་བཅས་མཉམ་སྦྲེལ་གྱིས་ཕྷི་ལི་གྱི་པཱ་ལ་ཝན་མཚོ་གླིང་གི་ལྷོ་ངོས་སུ་དམག་སྦྱོང་བྱས་འདུག དེ་དང་ཕྱོགས་མཚུངས་རྒྱ་ནག་དང་ཉི་ཧོང་གཉིས་དབར་ཤར་རྒྱ་ནག་རྒྱ་མཚོའི་མཚོ་གླིང་མངའ་ཁུལ་གྱི་བདག་དབང་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་དེར་ཡང་རྒྱ་ནག་གིས་དགྲ་ཕྱོགས་ཀྱི་ཉེན་ཁ་འགོག་སྲུང་གི་མྱུལ་ཞིབ་ཚོད་ལྟ་ཞིག་བྱས་ཡོད་པའི་འགྲེལ་བརྗོད་བྱས་འདུག ཟླ་བ་སྔོན་མར་ཨ་རིས་ཕྷི་ལི་པིན་ལ་དྲག་པོའི་ལས་དོན་ཆེད་རོགས་དངུལ་ཨ་སྒོར་ས་ཡ་༥༠༠འཕར་མ་མཁོ་སྤྲོད་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། དེའི་ལན་དུ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ཕྱི་ཕྱོགས་ནས་འཁོན་འཁྲུག་སློང་ཐབས་བྱས་པ་ཡིན་ན། དེས་མངའ་ཁུལ་དེར་བདེ་འཇགས་སྲ་བརྟན་མེད་པར་འགྱུར་བ་མ་ཟད། དངངས་འཚབ་ཀྱི་གནས་སྟངས་དེ་བས་ཆེ་རུ་འགྲོ་རྒྱུ་ཡིན་ལུགས་བརྗོད་འདུག

ཨེ་པི་དང་ཨེ་ཨེཕ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG