ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཝེཏ་ནམ་དང་ཕི་ལི་ཕིནྶ་གཉིས་རྒྱ་ནག་དང་མཚོ་ཁའི་འཁོན་འཛིན་ལ་བརྟེན་རྒྱལ་ཁབ་གཉིས་ཟུང་སྦྲེལ་དམག་སྦྱོང་།


རེས་གཟའ་ཟླ་བའི་ཉིན་ཝེཏ་ནམ་གྱི་མཚོ་ཁ་སྲུང་དམག་སྐྱེལ་འདྲེན་བྱེད་མཁན་དམག་གྲུ་གཅིག་ཕི་ལི་ཕིནྶ་ནང་འབྱོར་
རེས་གཟའ་ཟླ་བའི་ཉིན་ཝེཏ་ནམ་གྱི་མཚོ་ཁ་སྲུང་དམག་སྐྱེལ་འདྲེན་བྱེད་མཁན་དམག་གྲུ་གཅིག་ཕི་ལི་ཕིནྶ་ནང་འབྱོར་

རེས་གཟའ་ཟླ་བའི་ཉིན་ཝེཏ་ནམ་གྱི་མཚོ་ཁ་སྲུང་དམག་སྐྱེལ་འདྲེན་བྱེད་མཁན་དམག་གྲུ་གཅིག་ཕི་ལི་ཕིནྶ་ནང་འབྱོར་རྗེས་ཡུལ་གྲུ་གཉིས་ཀྱི་མཚོ་ཁ་སྲུང་དམག་དཔུང་སྡེས་ཉིན་གྲངས་བཞིའི་རིང་ཟུང་སྦྲེལ་དམག་སྦྱོང་བྱ་རྒྱུ་ཡིན་པ་དང་། ད་རེས་ཡུལ་དེ་གཉིས་ཐེངས་དང་པོར་མཉམ་སྦྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པ་དེ་ནི་རྒྱལ་ཁབ་དེ་གཉིས་དབར་ཕན་ཚུན་མི་མཐུན་པའི་འགལ་ཟླ་ཡོད་མིན་ལ་མ་ལྟོས་པར་བྱས་པ་ཞིག་ཡིན་ཅིང་། ལྷག་པར་དུ་ཡུལ་དེ་གཉིས་ཀར་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐད་དཀའ་རྙོག་མང་པོ་བཟོ་བཞིན་པར་རྒྱལ་ཁབ་སོ་སོས་གདོང་ལེན་བྱས་དང་བྱེད་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཡིན་པ་རེད།

ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་དང་མཚོ་ཕྲན་མང་པོ་ཞིག་གི་བདག་དབང་རྒྱ་ནག་ལ་ཡོད་ལུགས་རྩོད་གླེང་བྱེད་ཀྱི་ཡོད་པར་བརྟེན་མ་ལེ་ཤི་ཡ་དང་སྦུ་རུ་ནེའེ། ཐེ་ཝན་སོགས་ལའང་དཀའ་ངལ་གཅིག་མཚུངས་འཕྲད་ཀྱི་ཡོད་ནའང་། ཝེཏ་ནམ་དང་ཕི་ལི་ཕིནྶ་གཉིས་ནང་བཞིན་སྐད་ཤུགས་ཆེན་པོས་གདོང་ལེན་བྱེད་ཀྱི་མེད། ད་ལམ་ཡུལ་དེ་གཉིས་ཀྱི་མཚོ་ཁ་སྲུང་དམག་གིས་ཟུང་སྦྲེལ་དམག་སྦྱོང་བྱེད་ཀྱི་ཡོད་བ་འདི་ནི་ཕན་ཚུན་གྱི་འབྲེལ་ལམ་བཟང་དུ་གཏོང་གི་ཡོད་པའི་རྣམ་པ་དང་། མ་འོངས་པར་རྒྱ་ནག་གིས་བཙན་ཤེད་ཆེ་བའི་ངན་སྤྱོད་ལ་གདོང་ལེན་ཚུལ་བཞིན་བྱེད་ཕྱོགས་ལ་ཕན་ཐོགས་ཡོང་རེ་བྱེད་ཀྱི་ཡོད་ཅིང། ད་ལམ་གྱི་དམག་སྦྱོང་དེའི་ཆེད་ཕི་ལི་ཕིནྶ་ཡི་རྒྱལ་ས་མ་ནི་ལའི་མཚོ་ཁར་འབྱོར་བའི་ཝེཏ་ནམ་གྱི་དམག་གྲུ་རྗིད་ཚད་ཀྲན་ཉིས་སྟོང་བཞི་བརྒྱ་ཅན་དེའི་ནང་མཚོ་ཁའི་སྲུང་དམག་༨༠ འབྱོར་ཡོད་པ་རྣམས་ཕི་ལི་ཕིནྶའི་མཚོ་སྲུང་དམག་དང་གྲོས་མོལ་རིམ་པ་བྱ་རྒྱུ་ཡིན་ཅིང་། མ་ནི་ལཱ་མཚོ་ཁུག་ཏུ་བྱ་རྒྱུའི་ཟུང་སྦྲེལ་དམག་སྦྱོང་ནང་འཚོལ་ཞིབ་དང་ཉེན་སྐྱོབ། དྲག་རྒོལ་དང་འབར་རྗས་འབར་གས་དང་འབར་རྒྱུ་སོགས་ལ་སྦྱོང་བདར་བྱ་རྒྱུ་ཡིན་པ་རེད། ད་ལམ་ཉིན་བཞིའི་རིང་གི་དམག་སྦྱོང་ཐོག་ཕི་ལི་ཕིནྶ་ཡི་མཚོ་ཁ་སྲུང་དམག་གི་མགྲིན་ཚབ་པ་དམག་དཔོན་ཨར་མན་ཌ་ བྷ་ལི་ལོ་ཡིས་གསུངས་དོན། ཐེངས་འདིའི་དམག་སྦྱོང་ནི་གནས་སྟངས་དངངས་འཚབ་ཇེ་ཆུང་དུ་གཏོང་ཐབས་ལ་ཕན་ཐོགས་བྱེད་ཐུབ་པའི་ཐབས་ལམ་བཟང་པོ་ཞིག་ཡིན་ཅིང་། འདིས་ང་ཚོའི་དགྲ་ཁ་གཏད་ཀྱིས་ཀྱང་འབྲེལ་ལམ་བཟང་དུ་གཏོང་བའི་གོ་སྐབས་དམ་འཛིན་བྱས་པ་ཞིག་ཆགས་ཀྱི་ཡོད་ཅེས་བཤད་འདུག ཡང་དམག་སྦྱོང་དེའི་དམིགས་ཡུལ་ཐད་ཝེཏ་ནམ་གྱི་མཚོ་ཁ་སྲུང་དམག་གི་འགོ་ཁྲིད་དམག་དཔོན་ཧོང་ཁག ཌཌ་ཡིས་དམག་སྦྱོང་འདི་ནི་རྒྱལ་ཁབ་གཉིས་ཀར་ཕན་ཚུན་གྱི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་མ་ཟད། མཐུན་བསྒྲིལ་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་མཚོ་ཁ་སྲུང་ཕྱོགས་དང་གནས་ཚུལ་མཉམ་སྤྱོད་གོང་འཕེལ་སོགས་གང་ཅིར་ཕན་ཐོགས་ཡོང་རྒྱུ་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཟླ་བ་སྔོན་མར་ཝེཏ་ནམ་དང་ཕི་ལི་ཕིནྶ་གཉིས་ཀྱི་ཕན་ཚུན་མཐུན་ལམ་བཟང་དུ་གཏོང་རྒྱུར་དམིགས་ཏེ་རྒྱ་ནག་གིས་བདག་དབང་ཐོག་ཤུགས་ཆེའི་རྩོད་གླེང་བྱེད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་སེ་པཌ་ལི་མཚོ་གླིང་ཐོག་མཚོ་དམག་དཔུང་སྡེ་ཁག་ཅིག་མཉམ་རུབ་བྱས་ཏེ་ལག་སྤོལ་དང་རྐང་སྤོལ་རྩེད་པ། ཐག་པ་འཐེན་པ་སོགས་བྱས་ཡོད་འདུག དེ་དང་ཕྱོགས་མཚུངས་ཕི་ལི་ཕིནྶ་ཡིས་ ཁོང་ཚོས་ཝེཏ་ནམ་དང་འབྲེལ་ལམ་བཟང་དུ་གཏོང་བ་ཙམ་མ་ཟད། རང་གི་ས་ཁུལ་གྱི་བདེ་འཇགས་དང་རྒྱལ་སྲུང་བཅས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུའི་ཁོངས་སུ་ཨེ་ཤི་ཡའི་རྒྱལ་ཁབ་གཞན་དང་འབྲེལ་ཡོད་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་དང་ཡང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་སྐོར་གསལ་སྟོན་བྱས་འདུག

ཨ་རི་རླུང་འཕླིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG