ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཕི་ལིབ་པིན་དང་རྒྱ་ནག་དབར་འཐབ་རྩོད་འགོག་རྒྱུར་མཐུན་གྲོས་བཞག་པ།


རྒྱ་ནག་མཚོ་དམག་གི་སྦྱོང་བརྡར་གྲུ་གཟིངས་འབྱོར་སྐབས་ཧྥི་ལི་ཕིན་གྱི་མཚོ་འགྲམ་སྲུང་སྐྱོབ་དམག་མི་ཞིག་གིས་དར་ཆ་འཛིན་གྱི་ཡོད། 2023
རྒྱ་ནག་མཚོ་དམག་གི་སྦྱོང་བརྡར་གྲུ་གཟིངས་འབྱོར་སྐབས་ཧྥི་ལི་ཕིན་གྱི་མཚོ་འགྲམ་སྲུང་སྐྱོབ་དམག་མི་ཞིག་གིས་དར་ཆ་འཛིན་གྱི་ཡོད། 2023

ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་ཤོལ་ཞེས་པའི་མཚོ་གླིང་དེ་ཕི་ལིབ་པིན་གྱིས་དབང་བསྒྱུར་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གིས་བཙན་པོ་དབང་ཡོད་ཐོག་ནས་མཚོ་གླིང་དེ་ཡུལ་དེར་བདག་གི་ཡོད་པའི་འདོད་གཏམ་ཤོད་ཀྱི་ཡོད། རྒྱལ་ཁབ་གཉིས་ཀྱིས་མཚོ་གླིང་དེའི་བདག་ཐོབ་མངའ་དབང་གི་ཐོག་ལ་ཤུགས་དྲག་ཆེ་བའི་འཐབ་འཛིངས་བྱེད་ཉེན་ཡོད་པ་དང་། དཔྱད་ཞིབ་པ་ཚོས་འཐབ་འཛིངས་དེའི་ནང་ཕི་ལིབ་པིན་གྱི་མཐུན་གྲོགས་ཨ་རི་ཡང་མཉམ་ཞུགས་བྱེད་སྲིད་པའི་ཉེན་ཁ་མཐོང་གི་ཡོད།

སྟབས་ལེགས་པར་མཚོ་གླིང་དེའི་ཐོག་རྒྱལ་ཁབ་གཉིས་དབར་འཐབ་རྩོད་ཤུགས་ཆེ་ལངས་སྲིད་པ་དེ་འགོག་ཐབས་ལ་རྒྱལ་ཁབ་གཉིས་ཀྱི་དབར་གྲོས་མཐུན་བྱུང་འདུག

རེས་གཟའ་ཉི་མའི་ཉིན་བཞག་པའི་གལ་ཆེའི་གྲོས་མཐུན་དེ་ནི། ཕི་ལིབ་པིན་གྱི་རྒྱལ་ས་མ་ནི་ལའི་ནང་གཏན་སྡོད་བྱེད་མཁན་རྒྱ་ནག་གི་གཞུང་ཚབ་ཆེན་མོ་དང་ཕི་ལིབ་པིན་གྱི་དབར་གྲོས་མོལ་རིམ་པར་བྱས་པ་དང་། དེ་བཞིན་རྒྱལ་ཁབ་གཉིས་སོ་སོའི་གཞུང་ཚབ་ཀྱི་བརྒྱུད་ནས་ཡིག་འབྲེལ་རིམ་པར་བྱས་རྗེས་བཞག་ཐུབ་འདུག

རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་བཞག་ཐུབ་ཡོད་པའི་སྐོར་རྒྱལ་ཁབ་གཉིས་དབར་གྲོས་མོལ་བྱེད་ཀྱི་ཡོད་པར་རྒྱུས་མངའ་ཡོད་མཁན་ཕི་ལིབ་པིན་གྱི་གཞུང་འབྲེལ་གྱི་དཔོན་རིགས་གཉིས་ཀྱིས་གསར་འགོད་པ་ཚོར་གསུངས་འདུག་པ་མ་ཟད། ཕི་ལིབ་པིན་གྱི་གཞུང་གིས་བཏོན་པའི་གསར་འགོད་གསལ་བསྒྲགས་ནང་དུའང་འཁོད་ཡོད།

ཕི་ལིབ་པིན་གྱི་ཕྱི་སྲིད་ལས་ཁུང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་འཁོན་འཛིན་ཆུང་དུ་གཏོང་རྒྱུ་གལ་ཆེ་ཡིན་པ་རྒྱལ་ཁབ་གཉིས་ཀས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཉིས་ཀྱི་དབར་འཁོན་འཛིན་བྱུང་དུས་ཕན་ཚུན་གྲོས་མོལ་བྱས་ནས་དཀའ་རྙོགས་སེལ་རྒྱུར་མོས་མཐུན་བྱས་ཡོད་ཅེས་བཀོད་ཡོད་འདུག

འོན་ཀྱང་རྒྱ་ནག་དང་ཕི་ལིབ་པིན་གཉིས་སུས་ཀྱང་མཐུན་གྲོས་ཀྱི་ཡིག་ཆ་ཕྱིར་བསྒྲགས་བྱས་མེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་མཐུན་གྲོས་དེ་དངོས་སུ་ལག་བསྟར་བྱེད་ཕྱོགས་ཀྱི་ཐོག་ལ་དཔྱད་ཞིབ་པ་ཚོར་བློ་དྭོགས་ཆེན་པོ་ཡོང་གི་ཡོད།

ཕི་ལིབ་པིན་གཞུང་གིས་ཡུལ་དེའི་སྐད་ལ་ཨ་ཡུང་གིན་ཞེས་པའི་མཚོ་གླིང་ཤོལ་གྱི་ཐོག་ཡོད་པའི་དམག་མིར་ཆུ་དང་། སྨན། ཁ་ལག་ལ་སོགས་ཉེར་མཁོའི་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་སྐབས་རྒྱ་ནག་གི་མཚོ་ཁ་སྲུང་དམག་གིས་ནུས་ཤུགས་ཆེ་བའི་ཆུ་མདའ་བརྒྱབས་ཏེ་རྒོལ་རྡུང་གཏོང་གི་ཡོད། ཤོལ་མཚོ་གླིང་དེ་ནི་ཕི་ལིབ་པིན་ནས་རྒྱང་ཚད་ཀྱི་ལི་མི་ཊར་༢༠༠ཙམ་དང་། རྒྱ་ནག་གི་གླིང་ཕྲན་ཧེ་ནན་ནས་རྒྱང་ཚད་ཀྱི་ལོ་མི་ཊར་ཆིག་སྟོང་གི་སར་ཡོད་པ་དང་། ཕི་ལིབ་པིན་གཞུང་གིས་བཤད་གསལ་ལ། ཉེ་དུས་ཕྱི་ཟླ་༦པའི་ཚེས་༡༧གྱི་ཉིན་རྒྱ་ནག་གི་མཚོ་དམག་ཁ་ཤས་གྲུའི་ནང་ཡོང་སྟེ་ཕི་ལིབ་པིན་གྱི་གྲུའི་ནང་བཙན་འཛུལ་གྱིས་བཟའ་ཆས་དང་གོ་མཚོན་འོར་འདྲེན་བྱེད་མཁན་ཕི་ལིབ་པིན་གྱི་དམག་མིའི་ཐོག་རྒོལ་རྡུང་གཏོང་བའི་གནས་ཚུལ་བྱུང་ཡོད་པ་དང་། རྒོལ་རྡུང་དེའི་སྐབས་རྒྱ་མིའི་དམག་གྲུས་ཕི་ལིབ་པིན་གྱི་དམག་མིའི་གྲུར་རྡབ་སྐྱོན་བཏང་བ་དང་། གྲུའི་ནང་བཙན་འཛུལ་བྱས་ཏེ་ཕི་ལིབ་པིན་གྱི་མཚོ་དམག་གི་གོ་མཚོན་ལག་ཆ་བཙན་འཕྲོག་བྱས་པ་སོགས་བྱས་ཡོད།

རྒྱ་ནག་གི་མཚོ་ཁ་སྲུང་དམག་དང་དམག་མིའི་བྱེད་ཕྱོགས་ལ་ཨ་རི་ཐེ་བས་ནུབ་ཕྱོགས་ཀྱི་མཐུན་ཕྱོགས་ཡུལ་ཁག་དང་། ཉི་ཧོང་། ཨོས་ཊྲེ་ལི་ཡ་སགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པའི་ཁར་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ལ་རྒྱལ་སྤྱིའི་མཚོ་ཐོག་ཁྲིམས་གཞི་དང་། རྒྱལ་སྤྱིའི་གྲུ་གཟིངས་ཚོར་ཡོད་པའི་འགྲུལ་བཞུད་ཀྱི་རང་དབང་དེ་ཚོར་སྲུང་རྩིས་དང་ལེན་ཚུལ་བཞིན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད།

ཕི་ལིབ་པིན་དང་རྒྱ་ནག་གཉིས་ཀྱི་དབར་བཞག་པའི་མཐུན་གྲོས་དེས་གཅིག་བྱས་ན་རྒྱ་ནག་གིས་རྒྱ་མཚོ་དེའི་ནང་ཡོད་པའི་ཡུལ་གྲུ་གཞན་གྱི་མཉམ་དུ་ཞི་འགྲིགས་ཀྱི་མཐུན་གྲོས་འཇོག་རྒྱུའི་རེ་བ་ཡོད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་ཡུལ་གྲུ་མ་ལེ་ཤི་ཡ་དང་། ཨི་ཌོ་ནེ་ཤི་ཡ། ཝིཏ་ནམ་སོགས་ཀྱིས་རྒྱ་མཚོ་དེའི་ནང་ཡོད་པའི་མཚོ་གླིང་ཁག་གི་བདག་དབང་ཐོག་རྒྱ་ནག་གི་མཉམ་དུ་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད།

ཌི་ཌཕླུ་གསར་ཁང་ནས་གནས་ཚུལ་བུས།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG