འབྲུག་གཞུང་གིས་ས་མཚམས་ཀྱི་གྲོས་མོལ་འགྲིག་རྒྱུའི་རེ་ལྟོས་འཆང་། 

༄༅།། འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་ཆོད་གྲབས་ཡོད། ཟླ་བ་རྗེས་མ་ནས་འབྲུག་ཡུལ་དུ་འོས་བསྡུའི་ལས་འགུལ་འགོ་ཚུགས་ཀྱི་ཡོད་པས་དེའི་སྔོན་དུ་ས་མཚམས་ཀྱི་གནད་དོན་ཁག་ལ་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་ཐུབ་པའི་རེ་ལྟོས་འཆང་ཡོད་ཅེས་བསྒྲགས། ཕྱི་ཟླ་༡༠་པའི་ཚེས་༨་ཉིན་རྒྱ་གར་གྱི་ཧིན་རྡུ་ཚགས་པར་གྱི་གསར་འགོད་པས་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་ལ་དམིགས་བསལ་བཅར་འདྲི་ཞུས། ཁོང་གིས་ངའི་སྲིད་བློན་གྱི་ལས་དུས་དེ་ཟླ་བ་རྗེས་མར་ཚང་གི་ཡོད། ང་ཚོས་མྱུར་དུ་རྒྱ་ནག་ལ་སླར་ཡང་གྲོས་མོལ་ཐེངས་གཅིག་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ཕྱི་ཟླ་༡༡་པ་ནས་ངས་སྲིད་བློན་གྱི་ལས་འགན་དེ་ལྟ་སྐྱོང་སྲིད་གཞུང་ཞིག་ལ་རྩིས་སྤྲོད་བྱ་དགོས། ལོ་རྗེས་མའི་ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་འབྲུག་ཡུལ་ལ་སྤྱི་ཡོངས་འོས་བསྡུ་བྱེད་ཀྱི་ཡོད་པ་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱ་ནག་དང་འབྲུག་པའི་སྐུ་ཚབ་ཚོས་གྲོས་མོལ་ནམ་བྱ་འཆར་ཡོད་མེད་དང་ས་གནས་གང་དུ་གྲོས་མོལ་བྱ་འཆར་ཡོད་མེད་རྣམས་གསལ་བཀྲོལ་མ་བྱུང་མོད། འོན་ཀྱང་འབྲུག་ཡུལ་གྱི་བྱང་ཕྱོགས་དང་འབྲོག་ལམ་ཕྱོགས་ནས་ས་ཆ་ཁག་ཅིག་ཕར་སྤྲོད་ཚུར་ལེན་གྱི་གྲོས་མཐུན་ཞིག་འཇོག་སྲིད་པའི་གླེང་སློང་འབྱུང་གི་ཡོད་ཅིང་། འབྲུག་ལམ་ནི་རྒྱ་གར་གྱི་ཤི་རི་གུ་རིའི་ཤུར་ལམ་དོག་མོའམ། ཡང་ན་ཁྱིམ་བྱའི་སྐེ་དབྱིབས་ལྟ་བུའི་ས་གནས་དེར་བར་ཐག་རིང་པོ་མེད་པས་རྒྱ་དཀར་ནག་གིས་དམག་འཁྲུག་བརྒྱབ་ཚེ། རྒྱ་ནག་གིས་འབྲོག་ལམ་ནས་ཤི་རི་གུ་རིའི་ཤུར་ལམ་དོག་མོ་བཀག་ནས་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་དང་རྒྱ་གར་གྱི་སྐམ་ས་ཆེན་མོ་གཉིས་བར་མཚམས་གཅོད་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། དེས་ན་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་གྲོས་མོལ་དེ་རྒྱ་གར་གྱི་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད་པའི་གནས་ཚུལ་ཐོན་འདུག

ཧིན་རྡུ་ཚགས་པར་གྱི་གསར་འགོད་པས་རྒྱ་གར་གྲོས་མོལ་དེར་འབྲེལ་བ་ཡོད་དམ་ཞེས་དྲིས། སྲིད་བློན་བློ་གྲོས་ཚེ་རིང་གིས་གྲོས་མོལ་དེར་རྒྱ་དཀར་ནག་ཟུང་གཉིས་མོས་འབྱུང་རྒྱུ་ནི་འབྲུག་ཡུལ་གྱི་ཁེ་ཕན་རེད། ང་ཚོར་དཀའ་ངལ་གཅིག་སེལ་ནས་དཀའ་ངལ་གཞན་ཞིག་སློང་འདོད་མེད། ༢༠༢༡་ལོར་འབྲུག་ཡུལ་དང་རྒྱ་ནག་གིས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་བཞག་པའི་རྗེས་སུ་ས་མཚམས་དབྱེ་འབྱེད་ཀྱི་གྲོས་མོལ་ཐེངས་དང་པོ་དེ་དངོས་སུ་ཚུགས་ཐུབ་པ་ཞིག་འབྱུང་སྲིད། དེའི་རྗེས་སུ་ཕྱོགས་གཉིས་ཀྱི་ལས་སྣེ་ཚོ་ས་མཚམས་སུ་བསྐྱོད་ནས་རྟོག་ཞིབ་བྱ་རྒྱུ་དང་མཐར་ས་མཚམས་དངོས་སུ་དབྱེ་འབྱེད་བྱ་དགོས། ང་ཚོས་འདི་ཕྱོགས་འབྲུག་ཡུལ་དང་ཕར་ཕྱོགས་རྒྱ་ནག་རེད་ཅེས་ས་ཐིག་ཅིག་འཐེན་ཐུབ་པའི་རེ་བ་འཆང་ཡོད། ད་སྔ་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་གསལ་པོ་མེད་པ་རེད། ས་མཚམས་དབྱེ་འབྱེད་བྱས་པའི་རྗེས་སུ་འབྲུག་ཡུལ་དང་རྒྱ་ནག་གི་བར་དུ་ཕྱི་འབྲེལ་ཚུགས་ངེས་རེད་ཅེས་བསྟན།།

ཁ་སྔོན་ཕྱི་ཟླ་༨་པའི་ཚེས་༢༧་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་དེའི་ཚེས་༢༡་ནས་༢༤་བར་དུ་རྒྱ་ནག་དང་འབྲུག་ཡུལ་གྱི་སྐུ་ཚབ་ཚོས་པེ་ཅིང་དུ་གྲོས་མོལ་བྱས་ཏེ་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱེད་པར་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་མྱུར་དུ་ལག་ལེན་བསྟར་དགོས་པའི་གྲོས་སྡུར་བྱས་ཤིང་། པེ་ཅིང་གི་གྲོས་མོལ་སྐབས་སུ་རྒྱ་ནག་དང་འབྲུག་ཡུལ་གྱི་ས་མཚམས་དབྱེ་འབྱེད་ཟུང་འབྲེལ་ལས་དོན་ཚོགས་ཆུང་ཟུར་དུ་འཛུགས་རྒྱུའི་གྲོས་མཐུན་བཞག རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་དུ་རྒྱ་ནག་དང་འབྲུག་ཡུལ་གྱི་མཁས་པའི་ཚོགས་ཆུང་གི་ཚོགས་འདུ་ཐེངས་༡༤་པ་དེ་མྱུར་དུ་འཚོགས་དགོས། དེ་བཞིན་རྒྱ་ནག་དང་འབྲུག་ཡུལ་གྱི་ས་མཚམས་གྲོས་མོལ་ཐེངས་༢༥་པའི་ཆེད་དུ་འབྲེལ་མོལ་བྱ་དགོས་པའི་གྲོས་མཐུན་བྱུང་སོང་ཞེས་འཁོད།།

རྒྱ་ནག་དང་འབྲུག་ཡུལ་གཉིས་ཀས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པ་དེའི་ནང་དོན་ཅི་ཡིན་ཕྱིར་བསྒྲགས་བྱས་མེད་ཀྱང་ཕྱོགས་གཉིས་ཀས་བྲེལ་མྱུར་ངང་དུ་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། རྒྱ་ནག་གིས་འབྲུག་ཡུལ་གྱི་ནུབ་བྱང་དང་དབུས་ཕྱོགས་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༧༦༤་བོད་ཀྱི་ས་ཆ་ཡིན། བོད་ཀྱི་ས་ཆ་དེ་རྣམས་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་དགོས་ཞེས་རྩོད་པ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག ཐོག་མར་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་རྩོད་གཞི་ཁག་ལ་རྒྱ་དཀར་ནག་གཉིས་ཀྱིས་གྲོས་མོལ་བྱས་ཀྱང་༡༩༨༤་ནས་རྒྱ་ནག་དང་འབྲུག་གཞུང་གིས་ཐད་ཀར་གྲོས་མོལ་བྱ་རྒྱུ་འགོ་ཚུགས། དེ་ནས་བཟུང་སྟེ་ཕྱོགས་གཉིས་ཀྱི་ས་མཚམས་གྲོས་མོལ་ཐེངས་༢༤་དང་མཁས་པའི་ཚོགས་ཆུང་གི་གྲོས་མོལ་ཐེངས་༡༣་ཚོགས་ཡོད་པའི་གནས་ཚུལ་ཐོན་འདུག

China has accelerated settlement-building along its disputed border with Bhutan, with structures under construction in six locations, according to satellite image analysis conducted for Reuters.

ད་ལོའི་ཕྱི་ཟླ་༣་པའི་ཚེས་༢༩་ཉིན་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གིས་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རང་དབང་གསར་ཤོག་གི་འགོད་པར་རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱ་རྒྱུར་འབྲུག་ཡུལ་གྱིས་ངང་སྒུག་བྱེད་བཞིན་ཡོད། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀས་ས་མཚམས་ཀྱི་རྩོད་གཞི་རྣམས་མྱུར་དུ་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད་པའི་རྗེས་སུ་རྒྱ་གར་དོགས་འདྲོག་ཆེན་པོ་ལངས། རྒྱ་གར་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་འབྲུག་ཡུལ་དུ་བསྐྱོད་པ་དང་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་ལྡི་ལི་གསར་པར་ཕེབས་ནས་སྲིད་བློན་མོ་དྷི་སོགས་ལ་འབྲུག་གཞུང་གིས་རྒྱ་གར་གྱི་ཁེ་ཕན་ལ་གནོད་པའི་གྲོས་མཐུན་ཞིག་ནམ་ཡང་འཇོག་མི་སྲིད་ཅེས་ཁས་བླངས། རྒྱ་གར་གྱི་ཉམས་ཞིབ་པ་དང་གསར་འགྱུར་ལས་ཁང་ཁག་གིས་ང་ཚོས་འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་དང་ལོ་ལྟར་ཨ་སྒོར་དུང་ཕྱུར་མང་པོའི་རོགས་སྐྱོར་བྱེད་ཀྱི་ཡོད་པའི་མཇུག་འབྲས་ནི་འདི་འདྲ་ཞིག་རེད་ཅེས་འཁང་ར་བཤད།།

རྒྱ་གར་གྱི་བློ་དོགས་སེལ་བར་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གིས་བྷེལ་ཇམ་གྱི་གསར་འགོད་པ་དེར་འབྲོག་ལམ་ནི་བོད་དང་འབྲས་ལྗོངས། འབྲུག་ཡུལ་བཅས་སུམ་འདྲེས་ས་ཁུལ་དུ་ཆགས་ཡོད་པས་འབྲུག་ཡུལ་གཅིག་པུས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན། ང་ཚོ་རྒྱལ་ཁབ་གསུམ་ཡོད་པ་དང་དེ་ལ་ཆེ་ཆུང་གི་ཁྱད་པར་མེད་པར་འདྲ་མཉམ་ཡིན། རྒྱལ་ཁབ་རེ་རེ་གསུམ་འདུས་ཀྱི་གྲུབ་ཆ་རེར་བརྩི་དགོས། རྒྱ་དཀར་ནག་གི་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱུང་ན་སུམ་འདྲེས་ས་ཁུལ་གྱི་བདག་དབང་ལ་གྲོས་མོལ་བྱ་དགོས། འབྲོག་ལམ་གྱི་བདག་དབང་ཐོག་ཏུ་རྒྱ་གར་ཡང་གྲོས་མོལ་དེར་མཉམ་ཞུགས་བྱེད་དུ་འཇུག་དགོས་ཅེས་བཀྲལ། རྒྱ་ནག་གིས་༢༠༡༥་ནས་འབྲུག་པའི་ས་ཐོག་ཏུ་རྒྱ་ལམ་འཛུགས་སྐྲུན་དང་དམག་གི་སོ་ཁང་བཙུགས། ༢༠༡༧་ལོར་རྒྱ་གར་གྱིས་བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་འདྲེས་མཚམས་སུ་དམག་དྲངས་ནས་ཉི་མ་༧༣་ལ་འཐབ་འཁྲུག་གི་གྲབས་བཤམས།།

ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཕྱོགས་གཅིག་ནས་འབྲུག་ཡུལ་ལ་བྱ་དཀར་ལུང་དང་དཔག་བསམ་ལུང་གི་བྱང་ཕྱོགས། འབྲོག་ལམ་ནུབ་ཕྱོགས་ཀྱི་ས་ཆ་ཁག་ཅིག་ཕར་སྤྲོད་ཚུར་ལེན་བྱ་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་བོད་འབྲུག་གི་ས་མཚམས་ཕལ་ཆེ་བར་རྒྱ་ལམ་འཛུགས་སྐྲུན་དང་གྲོང་གསེབ་གསར་འཛུགས་བྱེད་ཀྱི་ཡོད་པ་ནི་ནང་འགལ་རེད་ཟེར། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ནང་དུ་རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་དེར་ལམ་ལྷོངས་མི་འབྱུང་བའི་འགོག་རྐྱེན་གཙོ་བོ་རྒྱ་གར་རེད་ཅེས་སྐྱོན་བཙུགས། ཕྱི་ཟླ་༧་པའི་ཚེས་༡༨་ཉིན་ཕྱི་སྲིད་དུས་དེབ་ནང་དུ་རྒྱ་ནག་གིས་འབྲུག་ཡུལ་ལ་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱ་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་པ་ནི་རྒྱ་གར་ལ་གནོན་ཤུགས་སྤྲོད་རྒྱུའི་ཆེད་དུ་རེད། རྒྱ་ནག་གིས་འབྲུག་ཡུལ་ཙམ་མིན་པར་བལ་ཡུལ་དང་བངྒ་ལ། སིངྒ་ལ་དང་མལ་ཌིབ་སོགས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡོད་དོ་ཅོག་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག