ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

འབྲུག་གཞུང་གིས་གནམ་གྲུའི་ལམ་གྲོན་བཅག་སྟེ་འགྲུལ་པ་འགུགས་ཐབས། 


༄༅།། འབྲུག་གཞུང་གིས་གནམ་གྲུའི་ལམ་གྲོན་བཅག་སྟེ་ཡུལ་སྐོར་སྤྲོ་འཆམ་པ་འགུགས་ཐབས་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༣་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོགས་ཚོགས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་འགུགས་པར་ཁེ་ཕན་མང་ཙམ་སྤྲོད་དགོས། ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཡར་རྒྱས་གཏོང་མ་ཐུབ་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མི་འདུག་ཅེས་གྲོས་སྡུར་བྱེད་ཀྱི་ཡོད་ཅིང་། ནོར་སྲིད་བློན་ཆེན་རྣམ་རྒྱལ་ཚེ་རིང་གིས་འབྲུག་གཞུང་ནས་ཡུལ་སྐོར་སྤྲོ་འཆམ་པ་འགུགས་པར་གནམ་གྲུའི་ལམ་གྲོན་ཆུང་དུ་གཏོང་དགོས་མིན་ཐད་མཁའ་ལམ་ལས་ཁུངས་ཁག་དང་འབྲེལ་གྱི་ཚོང་ལས་ཚན་པ་ཁག་ལ་གྲོས་སྡུར་བྱེད་ཀྱི་ཡོད་ཅེས་གྲོས་ཚོགས་འཐུས་མི་ཚོར་སྙན་སེང་ཞུས།།

སྲིད་བློན་བློ་གྲོས་ཚེ་རིང་གིས་༢༠༢༣་གྱི་ལོ་མཇུག་བར་དུ་ཨ་སྒོར་སྤྲོད་མཁན་ཕྱི་རྒྱལ་བ་ཁྲི་ཚོ་༥་ཙམ་འབྲུག་ཡུལ་དུ་ཡོང་ཐུབ་རྒྱུའི་རྩིས་རྒྱག་གི་ཡོད། གྲངས་འབོར་དེས་པྲོག་དབྱིབས་ནད་དུག་མ་ཁྱབ་སྔོན་དེར་འབྲུག་ཡུལ་དུ་ཕྱི་རྒྱལ་ནས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་གི་ཡོད་པ་དེའི་བརྒྱ་ཆ་༦༠་ཟིན་རྒྱུ་རེད། ༢༠༡༩་ལོར་འབྲུག་ཡུལ་དུ་འགྲུལ་པ་༣༡༥༥༩༩་བསླེབས་པ་དེའི་གྲས་སུ་ཨ་སྒོར་སྤྲོད་མཁན་རྒྱལ་སྤྱིའི་འགྲུལ་པ་༧༢༡༩༩་འདུག ༢༠༡༩་ལོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་འབྲུག་ཡུལ་དུ་འགྲུལ་པ་༢༤༣༤༠༠་བསླེབས་ཀྱང་ལོ་འདིར་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་འབྲུག་ཡུལ་དུ་འགྲུལ་པ་༨༠༠༠༠་ལས་ཡོང་རྒྱུ་མིན་པའི་རྣམ་པ་ཞིག་མངོན། ད་དུང་ཡང་པྲོག་དབྱིབས་ནད་དུག་སྔོན་དུ་འབྲུག་ཡུལ་ལ་ཕྱི་རྒྱལ་ནས་ཡུལ་སྐོར་སྤྲོ་འཆམ་པ་བསླེབས་པའི་ཚད་དེར་ལོང་གི་མི་འདུག་ཅེས་གྲོས་ཚོགས་སུ་གཏམ་བཤད་བྱས་འདུག

༢༠༢༢་ལོའི་ཕྱི་ཟླ་༩་པའི་ཚེས་༢༢་ནས་༢༠༢༣་ལོའི་ཕྱི་ཟླ་༩་པའི་ཚེས་༢༡་བར་དུ་འབྲུག་ཡུལ་ལ་འགྲུལ་པ་༨༣༥༩༩་འབྱོར། ཡུལ་སྐོར་སྤྲོ་འཆམ་པ་དེ་དག་གི་གྲས་ཀྱི་འགྲུལ་པ་༢༥༨༩༢་ཀྱིས་ཨ་སྒོར་སྤྲད་ནས་འབྲུག་ཡུལ་ལ་ལྟ་སྐོར་དུ་ལྷགས། སྲིད་བློན་བློ་གྲོས་ཚེ་རིང་གིས་འབྲུག་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་ལ་དགོས་མཁོ་བྱུང་ན་མ་འོངས་པར་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་སྲིད་ཇུས་ལ་བསྐྱར་ཞིབ་བྱ་འཆར་ཡོད་ཅེས་བསྒྲགས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འབྲུག་ཡུལ་གྱི་སྤ་རོ་གནམ་ཐང་བར་དུ་འབྲུག་པའི་གནམ་གྲུའི་ནང་དུ་བསྐྱོད་ན་ཕྱོགས་གཉིས་ཀྱི་ལམ་གྲོན་ཨ་སྒོར་༦༠༠་ཡས་མས་རེ་སྤྲོད་དགོས་ཤིང་། དེ་བཞིན་ཐེ་ལན་ཌིའི་རྒྱལ་ས་བྷན་ཁོག་ནས་འབྲུག་ཡུལ་དུ་འབྲུག་པའི་གནམ་གྲུའི་ནང་དུ་བསྐྱོད་ན་ཕྱོགས་གཉིས་ཀྱི་ལམ་གྲོན་ཨ་སྒོར་༨༧༠་ཡས་མས་རེ་འབབ། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ནས་འབྲུག་ཡུལ་དུ་འབྲུག་པའི་གནམ་གྲུའི་ནང་དུ་བསྐྱོད་ན་ཕྱོགས་གཉིས་ཀྱི་ལམ་གྲོན་ཨ་སྒོར་༤༦༠་ལྷག་སྤྲོད་དགོས་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༢༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་གཞུང་གིས་པྲོག་དབྱིབས་ནད་དུག་རྗེས་སུ་ཉི་མ་རེར་ཕྱི་རྒྱལ་གྱི་འགྲུལ་པ་ཚོར་འགྲུལ་ཁྲལ་ཨ་སྒོར་༢༠༠་རེ་བླངས། མཐར་འབྲུག་ཡུལ་གྱི་ཉིན་རེའི་འགྲུལ་ཁྲལ་མཐོ་དྲགས་ཏེ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་མ་ཡོང་བར་འབྲུག་གཞུང་གིས་འགྲུལ་ཁྲལ་གཅོག་དགོས་བྱུང་ཞིང་། སྔོན་ཆད་ཉི་མ་རེར་འགྲུལ་ཁྲལ་ཨ་སྒོར་༦༥་བསྡུས་ཀྱང་ནད་ཡམས་རྗེས་སུ་འབྲུག་གཞུང་གིས་འགྲུལ་ཁྲལ་ཨ་སྒོར་༢༠༠་རེ་བསྡུ་མགོ་བརྩམས། ཟླ་བ་སྔོན་མ་ནས་འབྲུག་གཞུང་གིས་ཉིན་རེའི་འགྲུལ་ཁྲལ་ཨ་སྒོར་༡༠༠་རེ་གཅོག་རྒྱུའི་ཐག་བཅད། འབྲུག་གཞུང་གིས་རྒྱལ་ཁབ་ཀྱི་ཚོང་ལས་དང་མི་མང་ལ་ལས་ཀ་བཀོད་སྒྲིག དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་བཅས་ལ་ཡུལ་སྐོར་སྤྲོ་འཆམ་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ཞེས་བཀྲལ།།

འབྲུག་གཞུང་གིས་མི་རབས་མང་པོར་ཕྱི་ལ་སྒོ་བརྒྱབ། ༡༩༧༤་ལོར་ཕྱི་ལ་སྒོ་མོ་ཕྱེ་ནས་ཕྱི་རྒྱལ་གྱི་འགྲུལ་པ་༣༠༠་བསླེབས། ༢༠༡༩་ལོར་འབྲུག་ཡུལ་དུ་འགྲུལ་པ་༣༡༥༦༠༠་བསླེབས། དེ་ནི་༢༠༡༨་ལོའི་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ལས་བརྒྱ་ཆ་༡༥.༡་མང་དུ་ཕྱིན་འདུག་ཅེས་གཞུང་གི་གཞི་གྲངས་སུ་འཁོད། བལ་ཡུལ་ལ་ཡུལ་སྐོར་སྤྲོ་འཆམ་པ་ཚོད་འཛིན་མེད་པས་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་ལ་གནོད་འཚེ་ཕོག རྒྱལ་ནང་དུ་ཡུལ་ཐང་འཕར་ཏེ་མི་མང་དཀྱུས་མ་ཚོས་ཟས་སོང་དང་ཁང་གླ་སོགས་སྤྲོད་མི་ཐུབ་པར་གྱུར། དེར་བརྟེན་འབྲུག་གཞུང་གིས་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ། མི་མང་དཀྱུས་མ་ཚོར་ཟས་སོང་དང་ཁང་གླ་སོགས་མི་འཕར་བའི་ཆེད་དུ་འགྲུལ་ཁྲལ་ཆེན་པོ་བརྒྱབ་སྟེ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོད་འཛིན་བྱས་མོད། ད་ལྟ་འབྲུག་ཡུལ་གྱི་དཔལ་འབྱོར་ལ་ཡུལ་སྐོར་སྤྲོ་འཆམ་གྱི་ཡོང་འབབ་བརྒྱ་ཆ་༥་ལས་མེད་པ་དེ་བརྒྱ་ཆ་༢༠་བར་དུ་འཕེལ་རྒྱས་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་འགྲུལ་ཁྲལ་བཅག་སྟེ་ཕྱི་ཟླ་༩་པ་ནས་ཕྱི་ཟླ་༡༢་པའི་བར་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་ཐུབ་པའི་རེ་བ་ཡོད། ད་ལོའི་ཕྱི་ཟླ་དང་པོ་ནས་ད་ལྟའི་བར་དུ་འབྲུག་ཡུལ་ལ་འགྲུལ་པ་༥༦༠༠༠་བསླེབས་ཀྱང་འགྲུལ་པ་༤༢༠༠༠་རྒྱ་གར་བ་རེད། རྒྱ་གར་བ་ཚོས་ཉིན་རེར་ཧིན་སྒོར་༡༢༠༠་འམ། ཡང་ན་ཨ་སྒོར་༡༤.༥་ཡི་འགྲུལ་ཁྲལ་ལས་སྤྲོད་མི་དགོས། ནད་ཡམས་མ་ཁྱབ་གོང་གི་ལོ་༣་གྱི་རིང་དེར་འབྲུག་པ་ཁྲི་ཚོ་༥་ལྷག་ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཁག་ཏུ་ཞུགས་ཏེ་སྲི་ཞུ་བསྒྲུབས། ཁོ་ཚོར་ཁྱོན་བསྡོམས་ལོ་རེར་ཨ་སྒོར་ས་ཡ་༨༤་རེའི་ཡོང་འབབ་བྱུང་འདུག་ཅེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག འབྲུག་གཞུང་གིས་ལོ་གཅིག་གི་རིང་ས་མཚམས་སུ་ཆགས་པའི་བསམ་རྩེ་དང་ཕུན་ཚོགས་གླིང་། དགེ་ལེགས་ཕུག་དང་བསམ་གྲུབ་ལྗོངས་མཁར་བཅས་སུ་བསླེབས་པའི་འགྲུལ་པ་ཚོར་ཆུ་ཚོད་༢༤་འམ། ཡང་ན་ཉིན་ཞག་གཅིག་ལ་འགྲུལ་ཁྲལ་བསྡུ་མི་དགོས་པའི་ཆག་ཡང་སྤྲད། ལོ་གཅིག་གི་རྗེས་སུ་སྔོན་མའི་འགྲུལ་ཁྲལ་ལྟར་འཇལ་དགོས་པའི་གྲོས་གཞི་བཏོན།།

གྲོས་ཚོགས་འཐུས་མི་ཨོ་རྒྱན་དབང་འདུས་ནས་འབྲུག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་སྲིད་ཇུས་རྟག་ཏུ་འགྱུར་བ་བཏང་སྟེ་མི་རྣམས་མགོ་འཐོམ་གྱི་འདུག འབྲུག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་བཀོད་ཁྱབ་ལྟར་ཆག་ཡང་དང་ཁེ་ཕན་སྤྲད་ནས་འགྱུར་བ་སྣ་ཚོགས་ཤིག་གཏོང་གི་ཡོད་པར་དགེ་མཚན་ཆུང་། གྲོས་ཚོགས་དང་སྲིད་གཞུང་གཉིས་ཀས་མཉམ་དུ་གྲོས་སྡུར་བྱས་ནས་ཡུལ་སྐོར་སྤྲོ་འཆམ་གྱི་སྲིད་ཇུས་བརྟན་པོ་ཞིག་གཏན་འབེབས་བྱ་དགོས། སྲིད་ཇུས་གཏན་འབེབས་བྱུང་བའི་རྗེས་སུ་འབྲུག་གཞུང་གིས་རང་སྣང་གང་དྲན་དང་སྐབས་ཐོག་གི་དགོས་མཁོར་གཞིགས་ནས་འགྱུར་བཅོས་གཏོང་མི་ཆོག་ཅེས་ནན་གྱིས་བརྗོད། འབྲུག་ཡུལ་གྱི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་རྡོ་རྗེ་དབང་འདུས་ཀྱིས་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་མ་སོང་ཚེ། ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་གྱི་ཡོད་པའི་མི་ཚོས་དངུལ་སྒོར་བསྐྱིས་ཡོད་པ་རྣམས་ལོ་རྗེས་མ་ནས་སྐྱིན་པ་སྤྲོད་དགོས་ཀྱང་འཇལ་ཐུབ་རྒྱུ་ཁག་པོ་རེད་ཅེས་བློ་འཚབ་ཡོད་པའི་གཏམ་བཤད་བྱས་འདུག

འབྲུག་གཞུང་གིས་ཐབས་ཇུས་གཞན་ཞིག་ལག་ལེན་བསྟར་འཆར་ཡོད་པ་ནི་མགྲོན་ཁང་ཁག་གི་རིན་གོང་བཅག་སྟེ་འགྲུལ་པ་འགུགས་ཐབས་དང་འབྲུག་ཡུལ་དུ་ཡུན་རིང་བསྡད་ན་དམིགས་བསལ་གྱི་ཁེ་ཕན་ཁག་ཅིག་སྤྲོད་རྒྱུའི་གྲོས་སྡུར་བྱེད་འགོ་ཚུགས། ད་ལོའི་ཕྱི་ཟླ་༦་པའི་ཚེས་༡༤་ཉིན་དབྱིན་ཇིའི་ཉིན་རེའི་སྦྲག་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་བ་ཚོ་ཕྱི་རྒྱལ་དུ་སྤྲོ་འཆམ་ལ་བསྐྱོད་ན་ལམ་གྲོན་དང་ཐོངས་མཆན་གྱི་རིན་པ། མགྲོན་ཁང་དང་བཟའ་བཏུང་སོགས་ཀྱི་འགྲོ་སོང་ཆེ་ཤོས་འགྲོ་སའི་རྒྱལ་ཁབ་༡༠་ཐོ་འགོད་བྱས་ཡོད་པ་དེའི་གྲས་ཀྱི་ཨང་གཉིས་པ་དེ་འབྲུག་ཡུལ་ཡིན་འདུག མི་ཞིག་འབྲུག་ཡུལ་དུ་བདུན་ཕྲག་གཅིག་ལ་བསྡད་ན་འགྲུལ་ཁྲལ་ཁོ་ནར་ཨ་སྒོར་༡༤༠༠་སྤྲོད་དགོས་ཤིང་། ཨ་རི་བ་ཚོས་འབྲུག་ཡུལ་གྱི་ཐོངས་མཆན་ཞུ་བར་ཨ་སྒོར་༤༠་དང་ཐོངས་མཆན་ཕར་འགྱངས་བྱས་ན་ཨ་སྒོར་༢༠་སྤྲོད་དགོས། ཨ་རི་བ་ཚོ་ཕྱི་རྒྱལ་དུ་བསྐྱོད་ན་འགྲོ་སོང་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་རེད། འཇར་མན་གཞུང་གིས་མཆིན་ཚད་དང་རྒྱུ་ཚད་སོགས་ཀྱི་སྔོན་འགོག་སྨན་ཁབ་ཁག་ཅིག་བརྒྱབ་ནས་ཨ་སྒོར་༡༦༢་ལྷག་ལེན་གྱི་འདུག ཨ་རི་བ་ཚོ་འཇར་མན་ཡུལ་དུ་བསྐྱོད་པར་ཐོངས་མཆན་ཞུ་མི་དགོས་ཀྱང་ས་གནས་ཀྱི་ཁྲལ་དང་མགྲོན་ཁང་གི་ཁྲལ་སོགས་ཁྲལ་རིགས་སྣ་ཚོགས་ཤིག་འཇལ་དགོས་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG