ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༡༧

རྒྱ་གར་ནས་འབྲུག་ཡུལ་དུ་ལྕཊ་ལམ་མཐུད་རྒྱུ་༢༠༢༦་ལོར་འགྲུབ་ཐུབ་ཟེར། 


༄༅།། རྒྱ་གར་གྱི་ཨ་སམ་མངའ་སྡེ་ནས་འབྲུག་ཡུལ་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་ཡོད་པ་དེ་༢༠༢༦་ལོར་འགྲུབ་ཐུབ་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའིཚེས་༧་ཉིན་རྒྱ་གར་གྱི་དེ་རིང་གི་ཚོང་ལས་མདུན་ཅོག་ཅེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་ཨ་སམ་མངའ་སྡེ་ནས་འབྲུག་ཡུལ་གྱི་དགེ་ལེགས་ཕུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུར་འགལ་རྐྱེན་འཕྲད་ཀྱི་མི་འདུག ལོ་ལྔའི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་༢༠༢༦་ལོར་འགྲུབ་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད། ང་ཚོས་འབྲུག་གཞུང་ལ་རྒྱ་གར་གྱི་ཨ་སམ་མངའ་སྡེ་ནས་དགེ་ལེགས་ཕུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མོལ་བྱེད་འགོ་ཚུགས་ཟིན། འབྲུག་གཞུང་ལའང་ཡུལ་སྐོར་སྤྲོ་འཆམ་པའི་ས་གནས་མང་ཙམ་སྒོ་འབྱེད་བྱ་རྒྱུའི་འདོད་པ་འདུག མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ན་ཨ་སམ་ལའང་ཁེ་ཕན་འདུག་ཅེས་བསྟན།།

ད་ལོའི་ཕྱི་ཟླ་༤་པའི་ནང་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་འབུམ་རམས་པ་རྟ་མགྲིན་རྡོ་རྗེས་རྒྱང་ཚད་སྤྱི་ལེ་༥༧་ཡོད་པའི་མེ་འཁོར་ལྕགས་ལམ་དེ་འཛུགས་སྐྲུན་བྱེད་པའི་འགྲོ་གྲོན་རྣམས་རྒྱ་གར་གྱིས་གཏོང་རྒྱུ་རེད། སྔོན་ལ་འབྲུག་གཞུང་གིས་རྒྱ་གར་གྱི་ཨ་སམ་ནས་འབྲུག་ཡུལ་གྱི་དགེ་ལེགས་ཕུ་བར་དུ་མེ་འཁོར་ལྕགས་ལམ་མཐུད་རྒྱུ་དེར་མཉམ་འབྲེལ་བྱ་རྒྱུ་ཡིན། དེའི་རྗེས་སུ་བསམ་རྩེ་དང་ཕུན་ཚོགས་གླིང་། ངང་ལམ་དང་བསམ་གྲུབ་ལྗོངས་མཁར་བཅས་ས་གནས་ཁག་ཏུ་མེ་འཁོར་ལྕགས་ལམ་མཐུད་ཐུབ་རྒྱུ་ཡིན་མིན་བལྟ་འཆར་ཡོད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག ཉམས་ཞིབ་པ་ཚོས་འབྲུག་ཡུལ་དུ་རྒྱ་གར་ནས་མེ་འཁོར་ལྕགས་ལམ་མཐུད་ན་འགྲིམ་འགྲུལ་དང་སྐྱེལ་འདྲེན་སོགས་སྟབས་བདེར་འགྲོ་རྒྱུ་ཡིན་རུང་ཧི་མ་ལ་ཡའི་ལྗོངས་སུ་ཆགས་པའི་རྒྱལ་ཁབ་ཆུང་ཆུང་དེའི་ཁོར་ཡུག་དང་སྐྱེ་ཁམས་ལ་གཏོར་བཤིག་ཚབས་ཆེན་འཕོག་སྲིད་པའི་ཉེན་ཁ་ཆེ། མེ་འཁོར་ལྕགས་ལམ་མཐུད་པའི་རྗེས་སུ་འབྲུག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་ཚོད་འཛིན་བྱེད་ཀྱི་ཡོད་པའང་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ་ཞེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་སྲིད་བློན་མོ་དྷིའི་གཞུང་ནས་འདས་པའི་ལོ་དགུའི་རིང་ཧིན་བོད་ས་མཚམས་ཚུད་པའི་མཐའ་མཚམས་ཀྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་ཡིན། རྒྱ་གར་བྱང་ཕྱོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཡོད་པས་འབྲུག་ཡུལ་གཅིག་པུ་མ་ཡིན་པར་རྒྱ་གར་གྱིས་བལ་ཡུལ་དང་བངྒ་ལ་གཉིས་ལའང་རྒྱ་ལམ་དང་ལྕགས་ལམ་སོགས་ཀྱི་འབྲེལ་བ་མཐུད་ཀྱི་ཡོད། རྒྱ་གར་གྱི་རག་སོལ་ས་གནས་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་བར་དུ་འཛུགས་སྐྲུན་བྱེད་བཞིན་པའི་མེ་འཁོར་ལྕགས་ལམ་ནི་རིམ་པ་མཐའ་མ་དེར་བསླེབས་ཡོད། ལྕགས་ལམ་འཛུགས་སྐྲུན་གྲུབ་པའི་རྗེས་སུ་བལ་ཡུལ་དང་རྒྱ་གར་གཉིས་ལ་མེ་འཁོར་གྱི་འབྲེལ་མཐུད་བྱུང་བ་རེད། ཨ་སམ་ནས་འབྲུག་ཡུལ་གྱི་དགེ་ལེགས་ཕུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ན་འགྲིམ་འགྲུལ་དང་སྐྱེལ་འདྲེན། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཤུགས་ཆེ་རུ་གཏོང་ཐུབ་ཅེས་བཀྲལ།།

རྒྱ་དཀར་ནག་གཉིས་ཀས་བལ་ཡུལ་དང་འབྲུག་ཡུལ། བངྒ་ལ་དང་འབར་མ་བཅས་ལ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་གྲུ་ཁ་སོགས་འཛུགས་སྐྲུན་གྱི་རྒྱབ་སྐྱོར་ཅི་ཞིག་བྱས་ཀྱང་རྒྱ་དཀར་ནག་གི་ཆབ་སྲིད་དང་དམག་དོན་ལ་ཁེ་ཕན་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༡༨་ཉིན་ཕྱི་སྲིད་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་སོང་། རྒྱ་དཀར་ནག་གི་བར་དུ་ཚུད་པའི་རྒྱལ་ཁབ་ཁག་དམག་དོན་འཐབ་ཇུས་ལ་གནད་འགག་ཆེན་པོ་ཞིག་ཏུ་གྱུར། རྒྱ་དཀར་ནག་གི་འཐབ་རྩོད་ཅི་ཙམ་ཤུགས་ཆེ་རུ་ཕྱིན་ན་བར་ཚུད་རྒྱལ་ཁབ་དེ་དག་ལ་བརྡབ་གསིག་འཕོག་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག རྒྱ་ནག་གིས་བལ་ཡུལ་གྱི་དམངས་གཙོའི་ལམ་ལུགས་ལ་ཤུགས་རྐྱེན་ཐེབས་ནས་བལ་པོའི་སྲིད་གཞུང་ཁག་ལྡི་ལི་གསར་པ་ལས་པེ་ཅིང་ལ་བློ་ཁ་ཕྱོགས་པ་ཞིག་ཏུ་བསྒྱུར། དེ་བཞིན་ལོ་ཤས་གོང་ནས་རྒྱ་ནག་གིས་འབྲུག་ཡུལ་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ་ས་མཚམས་ཀྱི་རྩོད་གཞི་རྣམས་གཉིས་མོས་ཀྱི་ལམ་ནས་ཐག་གཅོད་བྱ་དགོས་ཞེས་གྲོས་མོལ་བྱ་ཐབས་སུ་འབད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་སྲིད་དུས་དེབ་ནང་དུ་རྒྱ་ནག་གིས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་པ་ལྟར་འབྲུག་ཡུལ་དང་རྒྱ་གར་གྱི་འབྲེལ་བར་འགན་ཟླ་བསླངས། འབྲུག་ཡུལ་མཐའ་གཅིག་ཏུ་རྒྱ་གར་གྱི་ཕྱི་སྲིད་ལ་འགལ་འཛོལ་མེད་པར་བསྐྱོད་དགོས་པའི་གནས་སྟངས་དེར་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་པ་མངོན་གསལ་རེད། འབྲུག་ཡུལ་ནི་རྒྱ་དཀར་གཉིས་ཀྱི་དམག་དོན་འཐབ་ཇུས་ལ་འབྲེལ་བ་ཆགས་ཡོད་ཅིང་། གལ་སྲིད་རྒྱ་ནག་གིས་འབྲོག་ལམ་ས་ཁུལ་དུ་དབང་བསྒྱུར་བྱེད་ཐུབ་ན་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་བརྒྱབ་པའི་དུས་སུ་རྒྱ་ནག་གིས་རྒྱ་གར་གྱི་དམག་དཔུང་འདྲེན་གཏོང་དང་མཚོན་ཆ་སྐྱེལ་འདྲེན་རྣམས་འགོག་ཐུབ། དེས་ན་རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་དེ་ཕྱོགས་གཉིས་ཁ་ནའི་གྲོས་མོལ་ཞིག་མིན་པར་རྒྱ་གར་ལ་ཕན་གནོད་གྱི་འབྲེལ་བ་དམ་ཟབ་ཆགས་ཡོད་པའི་གནད་དོན་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

སྲིད་དོན་ཉམས་ཞིབ་པ་ཚོས་ཕྱི་སྲིད་དུས་དེབ་ཀྱི་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་དང་འབྲུག་ཡུལ་གཉིས་འབྲེལ་བ་ཞིག་བྱུང་མ་ཐོག་ཏུ་རྒྱ་གར་དོགས་འདྲོག་ཆེན་པོ་ལངས། ད་ལོའི་ཕྱི་ཟླ་༥་པའི་ནང་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུག་ཏུ་རྒྱ་ནག་དང་འབྲུག་པའི་སྐུ་ཚབ་ཚོ་གྲོས་མོལ་བྱུང་། ན་ནིང་ཕྱི་ཟླ་༡༠་པའི་ནང་རྒྱ་ནག་གི་ཡུན་ནན་ཞིང་ཆེན་གྱི་ཁུན་མིང་གྲོང་ཁྱེར་དུ་རྒྱ་ནག་དང་འབྲུག་པའི་སྐུ་ཚབ་རྣམས་ཐུག་འཕྲད་བྱས་ཏེ་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པ་ཞིག་ལ་མིང་རྟགས་བཀོད། ༢༠༡༧་ལོར་འབྲོག་ལམ་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་དམག་གྲ་བསྒྲིགས་ནས་གྲོས་མོལ་མཚམས་ཆད། དེའི་རྗེས་སུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་གྲོས་མོལ་འཕྲོ་སྐྱོང་མ་ཐུབ། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་སོགས་ཀྱིས་འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་མདུན་སྐྱོད་བྱེད་མི་ཐུབ་པའི་འགག་རྩ་རྒྱ་གར་ལ་ཐུག་ཡོད་པ་རེད་ཅེས་རྩོམ་ཡིག་སྤེལ།།

འབྲུག་ཡུལ་གྱི་ཤེས་ཡོན་ལམ་སྲོལ་དང་དམག་གི་སྒྲིག་འཛུགས། ཉེན་རྟོག་པའི་སྒྲིག་འཛུགས་བཅས་ལ་རྒྱ་གར་གྱི་སྦྱོང་བརྡར་ཐོབ་སྟེ་སྐྱེད་སྲིང་བྱུང་། འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱ་གར་གྱིས་འགན་ལེན་བྱ་རྒྱུ་དང་འབྲུག་གཞུང་གིས་རྒྱ་གར་གྱི་ལམ་སྟོན་ལྟར་ཕྱི་སྲིད་འཛིན་དགོས་པའི་ཆིངས་ཡིག་བཞག ད་དུང་འབྲུག་ཡུལ་གྱི་འཛུགས་སྐྲུན་དང་དཔལ་འབྱོར། ཚོང་ལས་རྣམས་ཀྱང་རྒྱ་གར་ལ་སྦྲེལ། ད་ལྟ་རྒྱ་གར་ནས་འབྲུག་ཡུལ་དུ་མེ་འཁོར་ལྕགས་ལམ་མཐུད་འཆར་ཡོད་པ་མངོན་དུ་གྱུར་ཚེ། རྒྱ་གར་གྱིས་འབྲུག་ཡུལ་ལ་ཤུགས་རྐྱེན་གྱི་ཐེབས་ཀྱི་ཡོད་པ་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པར་མ་ཟད། འབྲུག་ཡུལ་ནམ་ཡང་ལྡི་ལི་གསར་པའི་ཤུགས་རྐྱེན་གྱི་དཀྱིལ་འཁོར་ནང་ནས་ཐར་ཐབས་མེད་པ་ཞིག་ཏུ་འགྱུར་སྲིད། རྒྱ་ནག་གིས་༡༩༩༦་ནས་འབྲུག་ཡུལ་ལ་བྱང་ཕྱོགས་ཀྱི་སྤས་ཡུལ་མཁན་པ་ལྗོངས་དང་ཤར་ཕྱོགས་ཀྱི་སག་སྟེང་། ནུབ་ཕྱོགས་ཀྱི་འབྲོག་ལམ་སོགས་ཕན་སྤྲོད་ཚུར་ལེན་བྱས་ནས་ས་མཚམས་ཀྱི་རྩོད་གཞི་མཐའ་དག་ཐག་གཅོད་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་མགོ་བརྩམས།།

རྒྱ་ནག་གིས་བོད་ཀྱི་ས་ཆ་ཁག་ཅིག་འབྲུག་ཡུལ་ལ་སྤྲོད་རྒྱུའི་རྣམ་འགྱུར་བསྟན་ཡང་འབྲོག་ལམ་གྱི་བདག་དབང་བློས་གཏོང་འདོད་མེད་པའི་རྟགས་མཚན་གསལ་པོ་ཐོན། འབྲོག་ལམ་ནི་བོད་དང་འབྲས་ལྔོངས། འབྲུག་ཡུལ་བཅས་འདྲེས་མཚམས་སུ་ཆགས་ཡོད་པས་རྒྱ་ནག་ལ་དམག་དོན་ཐོག་ཏུ་གནད་འགག་ཤིན་ཏུ་ཆེ། འབྲོག་ལམ་ནས་རྒྱ་གར་གྱི་ཤི་རི་གུ་རི་བར་དུ་སྤྱི་ལེ་༨༠་ཡས་མས་ཤིག་ལས་མེད་པས་རྒྱ་ནག་གིས་ཤི་རི་གུ་རིའི་ཤུར་ལམ་ཕྲ་མོའམ། ཁྱིམ་བྱའི་སྐེ་དབྱིབས་འདྲ་བ་ཟེར་བའི་ས་ཁུལ་དེ་བླངས་ན་རྒྱ་གར་གྱི་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ལོགས་སུ་བཅད། རྒྱ་གར་གྱི་ས་ཆ་ཆེན་པོ་ཞིག་འཆོར་ཉེན་ཡོད་པས་ལོ་འདིའི་ཕྱི་ཟླ་༣་པའི་ནང་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱ་ནག་ལ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་པ་ཙམ་གྱིས་རྒྱ་གར་བའི་གཞུང་འབྲེལ་མི་སྣ་ཁག་གཅིག་རྗེས་གཉིས་མཐུད་དུ་འབྲུག་ཡུལ་དུ་བསྐྱོད། ཐ་ན་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཀྱང་ལྡི་ལི་གསར་པར་འབོད་འགུགས་བྱས་ནས་རྒྱ་གར་གཞུང་གིས་རྣམ་འགྱུར་དྲག་པོ་བསྟན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG