ངོ་འཕྲད་བདེ་བའི་དྲ་འབྲེལ།

 
བོད་དང་ཞིན་ཅང་ལ་ངལ་རྩོལ་བཙན་སྐུལ་བྱེད་ཤུགས་ཆེ་རུ་སོང་།
གཟའ་ལྷག་པ། ༢༠༢༥/༠༤/༠༢

བོད་དང་ཞིན་ཅང་ལ་ངལ་རྩོལ་བཙན་སྐུལ་བྱེད་ཤུགས་ཆེ་རུ་སོང་།


ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཀ་ཤི་གར་གྲོང་ཁྱེར་རྙིང་པར་ཉེན་རྟོག་པས་སྐོར་གཡེང་བྱེད་བཞིན་ཡོད། (2021)
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཀ་ཤི་གར་གྲོང་ཁྱེར་རྙིང་པར་ཉེན་རྟོག་པས་སྐོར་གཡེང་བྱེད་བཞིན་ཡོད། (2021)

༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་ལ་ལག་ཤེས་སྦྱོང་བརྡར་ཁང་དང་ཤེས་ཡོན་སློབ་གསོ་ལྟེ་གནས་ཁང་ཡིན་ཞེས་བཙུགས་ཡོད་པ་དག་གི་ནང་དུ་བོད་པ་དང་ཡུ་གུར་བ་ཚོ་ངལ་རྩོལ་བཙན་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་སྙན་ཐོ་བཏོན་འདུག གཟའ་འཁོར་འདིར་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་དང་ཞིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་གྲོང་གསེབ་པ་ཚོ་དབུལ་སྐྱོབ་བྱེད་ཀྱི་ཡོད་ཅེས་ཞིང་པ་དང་འབྲོག་པ་ཁག་ཅིག་ལ་མི་ལྷག་ངལ་རྩོལ་བའི་མིང་བཏགས་ནས་གཞུང་གཉེར་བཟོ་གྲྭ་དང་ལས་གྲྭ་ཁག་ལ་ངལ་རྩོལ་རྒྱུག་ཏུ་གཏོང་གི་ཡོད་ཅིང་། དེར་བརྟེན་བོད་པ་དང་ཡུ་གུར་བ། དེ་མིན་གྱི་གྲངས་ཉུང་མི་རིགས་ཁག་གི་མི་མང་ཁྲི་ཚོ་མང་པོ་ཉི་གློག་ཤེལ་པང་བཟོ་གྲྭ་དང་གློག་གི་རླངས་འཁོར་གྱི་གློག་རྫས་བཟོ་གྲྭ། སྔོ་ཚོད་དང་ཤིང་ཏོག་འདེབས་ལས། ཉ་གསོ་དང་འབུ་གསོ་སོགས་མཚོ་ཟས་སྣ་ཚོགས་ལས་སྣོན་གྱི་ལས་རིགས་ཁག་ལ་ངལ་རྩོལ་བཙན་སྐུལ་བྱེད་ཀྱི་ཡོད་པ་ཐེར་འདོན་བྱས་འདུག

བོད་དང་ཞིན་ཅང་ལ་ངལ་རྩོལ་བཙན་སྐུལ་བྱེད་ཤུགས་ཆེ་རུ་སོང་།
བོད་དང་ཞིན་ཅང་ལ་ངལ་རྩོལ་བཙན་སྐུལ་བྱེད་ཤུགས་ཆེ་རུ་སོང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ཀྱི་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་ནས་བོད་ཀྱི་འབྲོག་པ་ཚོ་གྲོང་དུ་ཕབ། འབྲོག་པ་དང་ཞིང་པའི་རྩྭ་ས་དང་ས་ཞིང་རྣམས་གཞུང་གིས་ཕྲོགས། རྒྱ་གཞུང་གི་ལས་བྱེད་པ་ཚོས་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་ལག་ཤེས་སློབ་སྦྱོང་སྤྲོད་ཀྱི་ཡོད་ཅེས་དམག་མི་ལྟར་སྦྱོང་བརྡར་སྤྲད། བོད་པ་ཚོ་ལམ་བཟོ་དང་འཛུགས་སྐྲུན། གཏེར་ཁ་སྔོན་འདོན་དང་ཟས་རིགས་ལས་སྣོན་སོགས་ལ་ངལ་རྩོལ་བསྐུལ་ནས་བོད་མི་རིགས་ལ་དགེ་སྡིག་གི་བསམ་བློའི་འདུ་ཤེས་ཤིག་ཡོད་པ་རྩ་བརླག་གཏོང་ཐབས་བྱེད་ཀྱི་འདུག ༢༠༢༤་ལོར་རྒྱ་གཞུང་གིས་བོད་པ་༦༣༠༠༠༠་ཡས་མས་ཤིག་རང་གི་ཕ་མེས་ཡང་མེས་ཀྱི་ས་ཞིང་དང་རྩྭ་སའི་ཐོག་ནས་རྒྱང་ཕུད་བཏང་སྟེ་ལས་རིགས་ཁག་ལ་བཅུག རྒྱ་གཞུང་གིས་བོད་པ་ངལ་རྩོལ་བ་བསྡུ་མཁན་བར་མི་ཚོ་དང་བཟོ་ཚོང་ལས་ཁུངས་ཁག་ལ་ཁེ་ཕན་སྤྲད་ནས་བོད་པ་ཚོ་ལས་གྲྭ་ཁག་ཏུ་བསྡུ་རྒྱུ་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཀྱི་འདུག་ཅེས་བཀོད།།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚུགས་ཡོད་པའི་དམར་ཤོག་གི་གདུག་རྩུབ་འོག་ཏུ་མནར་གཅོད་མྱངས་པ་ཚོའི་རྗེས་དྲན་ཐེབས་རྩ་ཁང་གི་རྒྱ་ནག་ཉམས་ཞིབ་པ་ཨེ་ཌི་རེན་ཛེན་ཛིས་(Adraine Zens)་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་དུ་རྒྱ་ནག་གིས་བོད་པ་དང་ཡུ་གུར་བ་སོགས་ངལ་རྩོལ་བཙན་སྐུལ་བྱེད་ཀྱི་ཡོད་པའི་མིག་སྔའི་གནས་ཚུལ་རྣམས་འཁོད་འདུག ད་དུང་༢༠༢༢་ལོར་བཏོན་པའི་སྙན་ཐོའི་ནང་དུ་མ་འདུས་པ་རྣམས་ཁ་སྐོང་དང་ནོར་འཁྲུལ་བྱུང་བ་རྣམས་དག་བཅོས། རྒྱ་ནག་གཞུང་གིས་ཞིན་ཅང་ལ་བཀག་ཉར་སྒར་ཁ་བཙུགས་པ་རྣམས་ངལ་རྩོལ་བཙན་སྐུལ་ཁང་ལ་ངོས་འཛིན་བྱས་འདུག རྒྱ་ནག་གིས་ངལ་རྩོལ་བཙན་སྐུལ་སྒར་ཁ་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན་ཟེར་གྱི་ཡོད་ཀྱང་ངལ་རྩོལ་བཙན་སྐུལ་ལ་རིགས་གཉིས་འདུག ངལ་རྩོལ་བ་ཁག་ཅིག་རྒྱ་ནག་གཞུང་གིས་འཛིན་བྱས་པ་རྣམས་ཡིན་པ་དང་ངལ་རྩོལ་བ་རིགས་གཅིག་གྲོང་གསེབ་ཁག་གི་མི་ལྷག་ལས་མི་ཟེར་བ་རྣམས་རེད་ཅེས་བསྟན།།

ཉེ་བའི་ལོ་ཤས་རིང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་སྲིད་གཞུང་གི་སྒྲིག་འཛུགས་ཁག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་ཁག་གིས་རྒྱ་ནག་གཞུང་ནས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་སྐུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། གྲངས་ཉུང་མི་རིགས་ཁག་གི་བདེ་སྡུག་ཅི་ཡིན་ཕྱི་གསལ་ནང་གསལ་བྱ་དགོས། བོད་པ་དང་ཞིང་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་སྐུལ་བྱས་ནས་བཟོ་འདོན་བྱས་པའི་ཐོན་སྐྱེད་རྣམས་ཕྱིའི་རྒྱལ་ཁབ་ཁག་གིས་ནང་འདྲེན་བྱེད་མི་ཆོག རྒྱལ་སྤྱིའི་བཟོ་ཚོང་ལས་ཁུངས་ཁག་ནས་རྒྱ་ནག་གིས་བོད་དང་ཞིན་ཅང་ལ་བཙུགས་པའི་བཟོ་གྲྭ་ཁག་ལ་ཚོང་འབྲེལ་གཅོད་དགོས་ཞེས་ནན་གྱིས་བསྐུལ། ༢༠༢༢་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཡུ་གུར་བ་ཚོ་ངལ་རྩོལ་བཙན་སྐུལ་བྱས་ནས་བཟོས་པའི་ཐོན་སྐྱེད་མིན་པ་ར་སྤྲོད་མ་བྱུང་ཚེ། ཞིང་ཅང་གི་ཐོན་སྐྱེད་དེ་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག ཞིན་ཅང་གི་ཐོན་སྐྱེད་རྣམས་ཡུ་གུར་བ་ཚོ་ངལ་རྩོལ་བཙན་སྐུལ་བྱས་ནས་བཟོས་པའི་ཅ་ལག་རེད་ཅེས་བཅའ་ཁྲིམས་གཏན་དུ་ཕབ།།

ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁ་ཤི་གར།
ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁ་ཤི་གར།

རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ཀྱི་སྙན་ཐོ་དེ་གཞི་རྩ་མེད་པའི་རྫུན་གཏམ་རེད། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཐབས་དང་བོད་དང་ཞིན་ཅང་གི་འཕེལ་རྒྱས་འགོག་ཐབས་རེད་ཅེས་དགག་པ་བརྒྱབ་ཡོད་ཅིང་། ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཕེང་ཡུས་(Liu Pengyu)་དཔུང་ཁག་ཁ་ཤས་ཀྱིས་རྫུན་གཏམ་བཀྲམ་ནས་ཞིང་ཅང་དང་ཞི་ཙང་ལ་ངལ་རྩོལ་བཙན་སྐུལ་བྱེད་ཀྱི་འདུག་ཅེས་དཀྲོག་གཏམ་སྒྲོགས་ཀྱི་ཡོད་པ་རེད། དེའི་དམིགས་ཡུལ་ནི་རྒྱ་ནག་གཞུང་གིས་ཞིན་ཅང་དང་ཞི་ཙང་ལ་འཛིན་པའི་སྲིད་ཇུས་དེ་ནག་པོ་བཟོ་ཐབས་ཤིག་ཡིན་པར་མ་ཟད། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་བསླུ་ཁྲིད། ཞིན་ཅང་དང་ཞི་ཙང་གི་ཞི་བདེ་བརྟན་ལྷིང་གཏོར་བརླག་གཏོང་གི་ཡོད་པ་རེད་ཅེས་དབྱིན་སྐད་དུ་བོད་ལ་Tibet་ཅེས་ཡོངས་གྲགས་སུ་གྱུར་པའི་ཐ་སྙད་དེ་རྒྱ་སྐད་ཀྱི་ཞི་ཙང་ལ་བསྒྱུར་ནས་ཨ་རིའི་རླུང་འཕྲིན་ཁང་གི་དྲི་བར་གློག་འཕྲིན་གྱི་ལམ་ནས་ལན་འདེབས་བྱས་འདུག

ཨ་མི་རི་ཀའི་གཞུང་གིས་བོད་དང་ཞིང་ཅང་གི་ངལ་རྩོལ་བཙན་སྐུལ་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་ལ་ཉེས་ཆད་བཅད། བོད་དང་ཞིང་ཅང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏང་དགོས་ཞེས་རྒྱ་ནག་ལ་གནོན་ཤུགས་སྤྲད། རྒྱ་ནག་གཞུང་གིས་ལས་གྲྭ་དེ་རྣམས་བོད་པ་དང་ཡུ་གུར་བ་རྣམས་དབུལ་ཕོངས་ཀྱི་དཀའ་ངལ་འོག་ནས་སྐྱོབ་ཐབས་ཤིག་ཡིན། བོད་དང་ཞིང་ཅང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་གི་ཡོད་ཅེས་བཀྲལ། རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ནས་རྒྱ་ནག་གི་བཟོ་གྲྭ་དང་ལས་གྲྭ་དེ་རྣམས་བོད་པ་དང་ཞིང་ཅང་གི་ཡུ་གུར་བ་ཚོར་གཉའ་གནོན་དང་དམ་དྲག་བྱ་ཐབས་ཤིག་རེད། རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་སུ་འཁོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ས་གནས་རང་སྐྱོང་གི་ཁྲིམས་ལ་བརྩི་འཇོག་བྱ་དགོས། པེ་ཅིང་གི་དབང་འཛིན་པ་ཚོས་ལས་ཀ་བཀོད་སྒྲིག་གི་མིང་ཐོག་ཏུ་བོད་པ་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཁག་ངལ་རྩོལ་བཙན་སྐུལ་གྱི་ལས་གཞི་གཉེར་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་བྱོས་ཞེས་ནན་གྱིས་བརྗོད།།

འབྲོག་པ་ཚོས་གུར་ཕུབ་སྟེ་འཚོ་བ་རོལ་སྐབས་གཡག་རྣམས་ཀྱིས་རྩྭ་ཟ་བཞིན་ཡོད།
འབྲོག་པ་ཚོས་གུར་ཕུབ་སྟེ་འཚོ་བ་རོལ་སྐབས་གཡག་རྣམས་ཀྱིས་རྩྭ་ཟ་བཞིན་ཡོད།

༢༠༢༤་ལོའི་ཕྱི་ཟླ་༥་པའི་ཚེས་༢༡་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་བཏོན་པ་ལྟར་ན། ༢༠༡༦་ནས་རྒྱ་ནག་གཞུང་གིས་བོད་པའི་འབྲོག་སྡེ་ཁག་གྲོང་དུ་ཕབ་སྟེ་རྩྭ་ས་རྣམས་གཞུང་བཞེས་བཏང་ཞིང་། རྒྱ་ནག་གི་དཔོན་རིགས་ཚོས་གྲོང་དུ་ཕབ་པའི་འབྲོག་པ་རྣམས་སྤྱི་ལེ་བརྒྱ་ཕྲག་མང་པོའི་ཕ་རོལ་གྱི་ལུང་ཁུག་དང་གྲོང་གསེབ། འགྲིམ་འགྲུལ་དང་སྐྱེལ་འདྲེན་སྟབས་བདེ་མེད་ས་ཁག་ཏུ་གནས་སྡོད་བྱེད་མཁན་རྣམས་རེད། ཁོ་ཚོ་དང་བླངས་ཐོག་ཏུ་ཁྱིམ་གཞིས་སྤོས་པ་དང་གྲོང་རྡལ་དུ་ཆགས་ན་འཚོ་བའི་གནས་སྟངས་ཡར་རྒྱས་འགྲོ་ངེས་རེད། དེ་བཞིན་བོད་མཐོ་སྒང་གི་སྐྱེ་ཁམས་དང་ཁོར་ཡུག་ཀྱང་སྲུང་སྐྱོབ་བྱེད་ཐུབ་ཅེས་རྒྱུ་མཚན་བགྲངས། ༢༠༡༦་ནས་༢༠༢༣་བར་དུ་རྒྱ་ནག་གི་ཡིག་ཆ་ཁག་དང་གཞུང་གི་གསལ་བསྒྲགས་༡༠༠༠་ལྷག་ཏུ་འཁོད་པའི་ནང་དོན་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལས་སྣེ་ཚོ་ས་གནས་ས་ཐོག་ཏུ་བསྐྱོད་ནས་ཞིབ་འཇུག་བྱས་པའི་གྲུབ་འབྲས་གཉིས་བསྡུར་ཚེ། རྒྱ་ནག་གཞུང་གིས་བོད་པ་ཚོ་དང་བླངས་ཐོག་ཏུ་གནས་སྤོ་བྱས་པ་རེད་ཟེར་མོད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་པ་ཚོ་རང་མོས་ཐོག་ཏུ་ཁྱིམ་གཞིས་སྤོས་པ་གཅིག་ཀྱང་རྙེད་མ་བྱུང་ཞེས་སྙན་ཐོ་བཏོན།།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ཀྱི་ས་གནས་ཤིག་གི་གྲོང་ཚོ་ཧྲིལ་པོ་ཁྱིམ་གཞིས་སྤོ་རུ་བཅུག་པ་རྩད་གཅོད་བྱུང་སོང་། དཔེར་ན་གྲོང་ཚོ་དེར་དུད་ཁ་༢༦༠་ཡོད་པ་དེའི་ཁོངས་ནས་དུད་ཚང་༢༠༠་སྤོ་འདོད་མེད་ཀྱང་བཙན་ཤེད་ཀྱིས་སྤྱི་ལེ་༡༠༠༠་ཡས་མས་ཤིག་གི་མཚམས་སུ་སྤོ་རུ་བཅུག་འདུག གྲོང་ཚོ་ཞིག་གི་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་པ་ཚོ་མ་གཏོགས་དུད་ཁྱིམ་ཚང་མ་སྤོ་འདོད་མེད་ཀྱང་བོད་པ་ཚོས་རྒྱ་གཞུང་གི་བཙན་དབང་ལ་མགོ་སྒུར་ནས་ཁྱིམ་གཞིས་སྤོ་དགོས་བྱུང་འདུག རྒྱ་གཞུང་གིས་ཁྱིམ་གཞིས་སྤོ་དགོས་ཞེས་བཙན་བཀའ་བཏང་བའི་རྗེས་སུ་བོད་པ་ཚོ་མ་སྤོས་པར་བསྡད་ཡོད་པ་ཞིག་མཐོང་ཐོས་དཀོན། རྒྱ་ནག་གཞུང་གིས་བཙན་དབང་དང་གནོན་ཤུགས། ལས་བྱེད་པ་ཚོ་ཡང་ནས་ཡང་དུ་ཁྱིམ་ཚང་ཁག་ལ་སློབ་གསོ་གཏོང་དུ་མངགས། བོད་པའི་སྲོལ་རྒྱུན་གྱི་འཚོ་བར་དམའ་འབེབས་དང་འཇིགས་སྐུལ་སོགས་བྱས་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམས་གནས་སྤོ་མ་བྱས་ཐབས་མེད་དུ་གྱུར་འདུག་ཅེས་བསྒྲགས་སོ།།

གླེང་སྟེགས།

XS
SM
MD
LG