༄༅། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་འཛོམས་ཚོགས་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཐོག་ལ་རེ་གཟའ་མིག་དམར་ཉིན་མོ་ནུབ་ཕྱོགས་རྒྱལ་ཁབ་༡༥་ཡིས་བོད་དང་ཤར་ཏུ་ཀི་སི་ཐན་ནམ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བློ་འཚབ་ཡོད་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གཞུང་ནས་བོད་དང་ཤིན་ཅང་ནང་འཛིན་བཟུང་བྱེད་བཞིན་པའི་བོད་མི་དང་ཡུ་ཁུར་བ་གཙོས་པའི་ཁ་ཆེའི་མི་རིགས་ཚོ་འཕྲལ་དུ་གློད་བཀྲོལ་དགོས་པ་དང་།རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྟོག་ཞིབ་པ་ཚོ་རྟོག་ཞིབ་ཏུ་གཏོང་དགོས་པ་སོགས་གསལ་སྟོན་གནང་ཡོད་པ་དང་།ཨོ་སི་ཀྲོ་ལི་ཡའི་རྒྱལ་ཚོགས་ནང་གི་སྐུ་ཚབ་སྐུ་ཞབས་ཇེམ་སཱེ་ལཱ་སིན་གྱིས་མཉམ་འབྲེལ་གསལ་བསྒྲགས་དེ་སྒྲོགས་སྦྱང་གནང་སྐབས་ཨ་མི་རི་ཀ་དང་།ཁཱེ་ན་ཌ།ཨོ་གླིང་།ཌེན་མག ཕྷིན་ལན་ཌེ། ཕཱ་རན་སི།འཇར་མ་ནི། ཨཱ་སི་ལན་ཌེ། ཉི་ཧོང་། ལཱི་ཐོ་ཝན་ནི་ཡ། ནཱེ་ཌ་ལན་ཌེ། ནིའུ་ཛི་ལན་ཌེ།ནོ་ཝེལ། སཱུ་ཌེན།དབྱིན་ཡུལ་སོགས་རྒྱལ་ཁབ་༡༥ནས་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་པའི་མཉམ་འབྲེལ་གྱི་གལ་བསྒྲགས་དེ་སྤེལ་གྱི་ཡོད་ཅེས་དང་།
གསལ་བསྒྲགས་ནང་།རྒྱ་ནག་གཞུང་ནས་ཤིན་ཅང་དང་བོད་ནང་གི་གྲངས་ཉུང་མི་རིག་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་རང་དབང་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་བོད་ནང་མཚོན་ན་བོད་མི་ཚོས་ཞི་བའི་ཐོག་ནས་རང་གི་འདོད་དོན་བརྗོད་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་ཡིན་པ་བརྗོད་དེ་དྲག་གནོན་བྱེད་ཀྱི་ཡོད་པ་དང་།བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་།སྐད་ཡིག་སོགས་བེད་སྤྱོད་ཀྱི་ཐོབ་ཐང་མེད་པའི་ཁར་ཕྱི་ལ་འགྲོ་སྐྱོད་ཐད་ལའང་དམ་དྲག་ཆེན་པོ་བྱེད་པ་དང་།བོད་པའི་ཕྲུ་གུ་ལོ་ཆུང་ཚོ་བཅའ་སྡོད་སློབ་གྲྭར་བཅུག་ནས་རང་གི་སྐད་ཡིག་དང་རིག་གཞུང་ལས་ཡོངས་སུ་ཁ་འབྲལ་ཏེ་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་འཆར་གཞི་ལྡན་པའི་ཐོག་ནས་རྩ་མེད་བཟོ་བཞིན་ཡོད་པ་གསལ་སྟོན་དང་།རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་རྒྱ་ནག་རང་གི་རྩ་ཁྲིམས་ལྟར་སྤྱི་འབངས་ཀྱི་ཐོབ་ཐང་ཁག་ལ་བརྩི་བཀུར་དགོས་པ་དང་།ལྷག་དོན་དུ་ལོ་སྔོན་མ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་དགོས་པའི་ལམ་སྟོན་ཁག་ལག་ལེན་དགོས་པ་སོགས་ནན་སྐུལ་ཞུས་ཡོད་ཅིང་།
ཕྱི་གསལ་ནང་གསལ་དང་གུ་ཡངས་ནི་དོགས་པ་སེལ་རྒྱུའི་ཐབས་ལམ་གཙོ་བོ་དེ་ཡིན་པས་རྒྱལ་ཚོགས་ཀྱི་མི་སྣ་ཚུད་པའི་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་ཚོ་བཀག་སྡོམ་མེད་པར་བོད་དང་ཤིན་ཅང་ནང་བཏང་ནས་དོན་སྙིང་ལྡན་པའི་རྟོག་ཞིབ་བྱེད་འཇུག་དགོས་ཀྱི་རེད།
རྒྱ་ནག་ལ་རྒྱལ་ཚོགས་ཀྱི་རྒྱུ་མཚན་ལྡན་པའི་བློ་འཚབ་ཁག་སེལ་ཐབས་བྱེད་པའི་གོ་སྐབས་མང་པོ་ཡོད་ནའང་སེལ་ཐབས་བྱེད་རྒྱུའི་ཚབ་ཏུ་ད་ལོའི་ཕྱི་ཟླ་༧པའི་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བསྐྱར་ཞིབ་སྐབས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྟོག་ཞིབ་ཁག་ནི་ཁྲིམས་འགལ་ཡིན་པ་བརྗོད་དེ་རྩི་མེད་དུ་བཏང་ཡོད་ཅེས་སྐྱོན་བརྗོད་ཀྱང་ཞུས་འདུག གོང་ཞུས་རྒྱལ་ཁབ་༡༥ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བློ་འཚབ་གསལ་སྟོན་གནང་བ་དེར་རྒྱལ་ཚོགས་ནང་གི་རྒྱ་ནག་གི་སྐུ་ཚབ་ཕཱུ་ཁཱོང་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་རྟོག་ཞིབ་ཟེར་བ་དེ་ཚོ་ནི་སྐྱག་རྫུན་ཡིན་པས་ངོས་ལེན་མེད་ཅེས་དང་།འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དེ་བེད་སྤྱོད་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་དང་རྒྱ་ནག་གི་མཚན་སྙན་མེད་པ་བཟོ་ཡོད་པ་ལས་རྒྱལ་ཚོགས་ཀྱི་ལྷན་ཁང་འདིའི་ད་ལྟའི་ལས་དོན་གཙོ་བོ་དེ་ནི་གྷ་ཛའི་ ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་བྱེད་རྒྱུ་དེ་རེད་ཅེས་སོགས་བརྗོད་ཡོད་པ་རེད།
གླེང་སྟེགས།