ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཊམ་གྱིས་བདམས་པའི་སྲིད་འཛིན་གཞོན་པའི་འོས་མིས་རྒྱ་ནག་ཉེན་ཁ་ཆེ་ཤོས་སུ་བརྩིས།


སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཝན་སི་
སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཝན་སི་

༄༅།། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཝན་སི་ཡིས་རྒྱ་ནག་ནི་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་ངོས་འཛིན་བྱས་འདུག ཕྱི་ཟླ་༧་པའི་ཚེས་༡༦་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝན་སི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་རྗེས་སུ་གསར་འགོད་པས་བཅར་འདྲི་ཐེངས་དང་པོ་ཞུས་པའི་སྐབས་སུ་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་རྒྱ་ནག་གི་ཐོག་ཏུ་སྲིད་ཇུས་མཁྲེགས་པོ་འཛིན་རྒྱུ་རེད་ཅེས་བསྒྲགས། གཟའ་ཟླ་བའི་ཉིན་ཨ་རིའི་ཧྥོཀ་སི་གསར་འགྱུར་ལས་ཁང་གིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཝན་སི་ལ་བཅར་འདྲི་ཞུས། ཁོང་གིས་གསར་འགོད་པར་ཌོ་ནལ་ཊམ་གྱིས་ཨུ་རུ་སུ་དང་ཡུཀ་རེན་གཉིས་ལ་གྲོས་མོལ་བྱེད་དུ་བཅུག་སྟེ་དམག་འཁྲུག་མྱུར་དུ་མཇུག་བསྒྲིལ། ཨ་མི་རི་ཀས་ཉེན་ཁ་ངོ་མ་རྒྱ་ནག་ལ་དམིགས་པ་གཏོད་རྒྱུ་ཡིན་ཞེས་བཀྲལ།།

ཨོ་ཧ་ཡོ་མངའ་སྡེའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དེས་ང་ཚོ་ཡུཀ་རེན་ལ་མགོ་འཁོར་ནས་རྒྱ་ནག་གི་སྟེང་དུ་རིག་པ་བསྒྲིམ་ཐུབ་ཀྱི་མི་འདུག ཨ་རིའི་ཉེན་ཁ་ངོ་མ་དེ་རྒྱ་ནག་རེད་ཅེས་ལན་བཏབ། ཨ་རིའི་སྲིད་འཛིན་འོས་བསྡུའི་དུས་ཚོད་སླེབས་ལ་ཉེ་བའི་མཚམས་སུ་སྲིད་འཛིན་བྷ་ཌན་དང་ཌོ་ནལ་ཊམ་གཉིས་ཀས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུའི་རྣམ་འགྱུར་ཐོན། ཌོ་ནལ་ཊམ་གྱིས་རང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ན་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་སྣ་མང་ཞིག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་རྒྱུ་ཡིན་ཞེས་ཁས་བླངས། བྷ་ཌན་གྱིས་རྒྱ་ནག་ནས་ཐོན་པའི་གློག་གི་རླངས་འཁོར་ལ་སྒོ་ཁྲལ་བརྒྱ་ཆ་༡༠༠་སྤར་རྒྱུ་ཡིན་ཞེས་བསྒྲགས་ཟིན་ཡོད་ཅིང་། རྒྱ་ནག་གིས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀར་མཐོང་ཚུལ་གཅིག་པ་འཛིན་གྱི་འདུག་ཅེས་ཨ་རིའི་གསང་ཉུལ་ཚོས་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་ལ་གསང་གཏམ་བཤད།།

ལོ་ན་༣༩་ལ་སོན་པའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་ཝན་སི་
ལོ་ན་༣༩་ལ་སོན་པའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་ཝན་སི་

ལོ་ན་༣༩་ལ་སོན་པའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་ཝན་སི་ཡིས་རྒྱ་ནག་ལ་སྐྱོན་བརྗོད་དང་ལངས་ཕྱོགས་མཁྲེགས་པོ་བཟུང་བ་ཐེངས་དང་པོ་མིན་པ་སྟེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་མ་རྩ་རིང་ལུགས་ཀྱི་ཚོང་པ་དེས་སྔོན་ཆད་ཀྱང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས། ཨ་མི་རི་ཀའི་བཟོ་གྲྭ་ཁག་རྒྱ་ནག་ཏུ་སྤོས་པ་རྣམས་རང་ཡུལ་དུ་ཕྱིར་འགུགས་བྱ་དགོས། ང་ཚོ་རྒྱ་ནག་ལ་བརྟེན་རྒྱུ་ཐལ་དྲགས་ཀྱི་འདུག་ཅེས་བཤད་མྱོང་ཞིང་། ༢༠༡༦་ལོའི་ཕྱི་ཟླ་༡༠་པའི་ནང་དུ་ཝན་སི་ཡིས་ཌོ་ནལ་ཊམ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་ནས་ངས་སེམས་ཁུར་བྱ་ཡུལ་ཁ་ཆེ་དང་ཕྱི་མི་གཞིས་ཆགས་པ་ཚོ་ཊམ་ལ་སྐྲག་གི་འདུག དེར་བརྟེན་ངས་ཊམ་ལ་ཁ་རྡུང་གཏོང་གི་ཡོད། དཀོན་མཆོག་གི་ང་ཚོ་མི་བཟང་པོ་ཞིག་ཏུ་གྱུར་ན་དགོངས་ཡོད་པ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕྱིས་སུ་ཁོ་པ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་གཙོ་གྲས་སུ་གྱུར།།

ཕྱི་ཟླ་༧་པའི་ཚེས་༡༦་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཝན་སི་ནི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ནས་ལོ་གཉིས་ཀྱང་འགོར་མེད་པས་ཕྱི་འབྲེལ་གྱི་ཉམས་མྱོང་ཞན། ཌོ་ནལ་ཊམ་གྱིས་ཝན་སི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ་ནི་རོ་ནལ་རེ་གྷན་གྱི་དུས་སྐབས་སུ་འགོ་ཚུགས་པའི་སྤྱི་མཐུན་ཚོགས་པའི་ཕྱི་སྲིད་དང་རྒྱང་བཀྱེད་པ་མཚོན་ནུས། ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་དུས་སུ་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་བཏང་རུང་སྲིད་འཛིན་གཞོན་པ་མེཀ་ཕན་སིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་རྒྱུན་བསྐྱངས། ཁོང་གིས་ཨ་རིའི་ཕྱི་སྲིད་ལ་འགྱུར་བ་མེད་ཅེས་ཁག་ཐེག་བྱས། ཝན་སི་ལ་སྲིད་འཛིན་གཞོན་པ་ཟུར་པ་ཕན་སི་ལྟར་ཕྱི་འབྲེལ་གྱི་ཉམས་མྱོང་ཡོད་མེད་བཤད་དཀའ། གལ་སྲིད་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་དང་ཝན་སི་ཡིས་ཊམ་ལ་ཤུགས་རྐྱེན་ཐེབས་མ་ཐུབ་ན་འཛམ་གླིང་ཡོངས་ཀྱིས་ཨ་མི་རི་ཀར་འབྲེལ་བ་ཇི་ལྟར་འཛིན་དགོས་མིན་བཤད་ཚོད་མ་ཐིག་པར་འགྱུར་སྲིད་ཅེས་གསར་འགྱུར་སྤེལ་འདུག

རྒྱ་ནག་རྒྱལ་དར་དང་ཨ་རིའི་རྒྱལ་དར་གཉིས་ཝ་ཤིང་ཊོན་གྲོང་ཁྱེར་གྱི་གཞུང་ལམ་གྱི་གློག་སྡོང་ཞིག་གི་སྟེང་དུ་འཕྱར།
རྒྱ་ནག་རྒྱལ་དར་དང་ཨ་རིའི་རྒྱལ་དར་གཉིས་ཝ་ཤིང་ཊོན་གྲོང་ཁྱེར་གྱི་གཞུང་ལམ་གྱི་གློག་སྡོང་ཞིག་གི་སྟེང་དུ་འཕྱར།

ཝན་སི་ནི་ཨ་རིའི་གྲོས་ཚོགས་སུ་ཨེ་ཤི་ཡ་གནད་འགག་ཏུ་འཛིན་དགོས། ཨ་རིས་ཡུ་རོབ་ལ་དོ་སྣང་བྱ་རྒྱུ་ཤུགས་ཆུང་དུ་གཏོང་དགོས་ཞེས་གླེང་གི་ཡོད་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོའི་གྲས་སུ་གཏོགས། ཝན་སི་ཡིས་གྲོས་ཚོགས་སུ་ཨ་མི་རི་ཀས་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འགྲོ་གྲོན་ཚད་མེད་ཅིག་གཏོང་དགོས་དོན་མེད། ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་ཀྱི་ཡོད་པ་འགྲིག་གི་མི་འདུག ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་དགོས་ཞེས་བཤད་མྱོང་ཡོད་པར་མ་ཟད། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཝན་སི་ཡིས་ངས་སྐད་ཆ་དྲང་པོར་བཤད་ཆོག ཡུཀ་རེན་ལ་ཅི་ཞིག་བྱུང་ཡང་ང་ལ་ཁྱད་པར་མེད། ངས་ཨ་མི་རི་ཀས་ཡུ་རོབ་རྒྱང་དུ་འདོར་དགོས་ཟེར་གྱི་མེད། རྒྱ་ནག་གི་འགྲན་སྡུར་ལ་གདོང་ལེན་དང་ཨ་རིའི་ཁེ་ཕན་ལ་བལྟ་དགོས་ཟེར་གྱི་ཡོད། རྒྱ་ནག་ནི་ཨ་རིའི་དགྲ་བོ་ངོ་མ་དེ་རེད་ཅེས་བཤད།།

ཝན་སི་ཡིས་ངས་ནི་རྒྱ་ནག་གི་ཐོག་ཏུ་དཔལ་འབྱོར་མི་རིགས་རིང་ལུགས་པའི་ལངས་ཕྱོགས་འཛིན་གྱི་ཡོད། ཨ་མི་རི་ཀས་བཟོ་ལས་ཡར་རྒྱས་བཏང་སྟེ་རྒྱ་ནག་གི་སྟོབས་འབྱོར་རྒྱས་བཞིན་པར་ཁ་གཏད་གཅོག་དགོས། ང་ཚོས་འགྲོ་གྲོན་ཅུང་ཙམ་མང་བ་གཏོང་དགོས་ཀྱང་ཅ་ལག་རྣམས་རང་ཡུལ་དུ་བཟོ་དགོས། རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་ཨ་རིའི་མཱི་ཆི་གྷན་དང་ཨོ་ཧ་ཡོ། པེན་སིལ་ཝེ་ཎི་ཡ་སོགས་བཟོ་ལས་ས་ཁུལ་ཁག་གི་བཟོ་གྲྭའི་སྒོ་ལ་བཙའ་བརྒྱབ་ཡོད་པ་རྣམས་བསྐྱར་དུ་སྒོ་འབྱེད་ཐུབ་པའི་རེ་བ་ཡོད་ཅེས་ནན་གྱིས་བརྗོད། ༢༠༢༢་ལོར་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་ལ་ཉིང་ཆས་བཀག་སྡོམ་གྱི་ཁྲིམས་ཡིག་ལ་མིང་རྟགས་བཀོད་པར་ཝན་སི་ཡིས་རླབས་ཆེན་གྱི་ཁྲིམས་ཡིག་ཅེས་བསྔགས་བརྗོད་ཞུས།།

༢༠༠༠་ལོར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་བཅུག་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་བཙུགས། ཝན་སི་སོགས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་ནས་ཕྱིར་ཕུད་བྱ་དགོས་ཞེས་ཨ་རིའི་གྲོས་ཚོགས་སུ་ཁྲིམས་གཞི་མཚམས་སྦྱོར་བྱས་ཤིང་། ཨ་རིའི་གཞུང་གིས་ཨ་དབྱིན་ཨོ་གསུམ་སྟེ། ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱི་བདེ་འཇགས་མཉམ་འབྲེལ་མཐུན་ཚོགས་བཙུགས་པར་དགེ་མཚན་འདུག ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་ཐུབ་ཟེར་མོད། འོན་ཀྱང་ཨེ་ཤི་ཡའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ་དེར་ཝན་སི་དགའ་མོས་ཡོད་པའི་རྣམ་འགྱུར་མི་མངོན།།

ཝན་སི་ཡིས་ང་ཚོས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཐུན་མོང་གི་ཁེ་ཕན་གཙིགས་སུ་འཛིན་དུ་འཇུག་དགོས། གྱང་ཁར་བསྡད་དེ་ལངས་ཕྱོགས་བརྟན་པོ་མེད་པ་ཚོ་ཨ་རིའི་ཕྱོགས་སུ་འགུགས་ཐབས་བྱ་དགོས། ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡང་དཔལ་འབྱོར་གྱི་ཁེ་ཕན་ལ་ཐུག་ཡོད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་མཚོ་གླིང་དེ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་ན་ཨ་རིའི་དཔལ་འབྱོར་ལ་ཕྱོགས་ཡོངས་ནས་དོ་ཕོག་ཐེབས་ཤས་ཆེ། དེས་ན་ང་ཚོས་ངེས་པར་དུ་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ཞེས་བཤད། ཧྥོཀ་སི་གསར་འགྱུར་ལས་ཁང་གིས་ཝན་སི་ལ་བཅའ་འདྲི་ཞུས་པའི་སྐབས་སུ་ལན་འདེབས་བྱས་པའི་སྐད་ཆ་མང་ཆེ་བ་ཌོ་ནལ་ཊམ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ལག་ལེན་བསྟར་རྒྱུའི་སྲིད་ཇུས་ཁག་ཡིན་པ་མཚོན་ཐུབ། ཡིན་ནའང་བཅར་འདྲི་དེ་ནས་ཌོ་ནལ་ཊམ་གྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་སྲིད་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་གསལ་སྟོན་བྱུང་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG