ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་ཀྲམ་གྱི་སྲིད་འཛིན་གཞོན་པའི་འོས་མིར་བདམས།


སྲིད་འཛིན་ཟུར་པ་ཌོ་ནལྜ་ ཀྲམ་གྱིས་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་
སྲིད་འཛིན་ཟུར་པ་ཌོ་ནལྜ་ ཀྲམ་གྱིས་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་

སྲིད་འཛིན་ཟུར་པ་ཌོ་ནལྜ་ ཀྲམ་གྱིས་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་ ༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་ནང་ཁོང་གི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པའི་གསལ་བསྒྲགས་གནང་འདུག གྲོས་ཚོགས་གོང་མའི་འཐུས་མི་ཝེནྶ་ནི་དུས་སྐབས་གཅིག་ལ་སྲིད་འཛིན་ཟུར་པ་ཀྲམ་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ནའང་། ཉེ་བའི་འཆར་སྲིད་འཛིན་ཟུར་པ་ཀྲམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ལ་འགྱུར་བ་མ་ཟད། སྤྱི་མཐུན་ཚོགས་ཁོངས་ནས་ལོ་ན་གཞོན་པའི་རེ་བ་བྱེད་ཡུལ་མི་སྣ་གཅིག་ལ་གྱུར་ཡོད་པ་རེད།

རེས་གཟའ་ཟླ་བའི་ཕྱི་དྲོ་སྲིད་འཛིན་ཟུར་པ་ཀྲམ་སྒེར་གྱི་སྤྱི་ཚོགས་དྲ་རྒྱའི་ནང་གསལ་བསྒྲགས་གནང་བའི་ནང་ རྒྱུན་རིང་བསམ་ཞིབ་གོ་བསྡུར་དང་། ཧ་ཅང་འཇོན་ཐང་ཅན་གྱི་མི་སྣ་མང་པོར་བསམ་ཞིབ་ནན་ཏན་བྱས་རྗེས་སྲིད་འཛིན་གཞོན་པའི་འོས་མིར་ཨོ་ཧི་ཡོ་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝནྶ་འོས་ཤོས་མཐོང་བྱུང་ཞེས་དང་། ཀྲམ་གྱིས་ཇེ་ཌི་ ཝེནྶ་ཡི་ཤེས་ཡོན་གནས་ཚད་དང་ཚོང་ལས་ཀྱི་ཉམས་མྱོང་བཅས་ལ་བསྔགས་བརྗོད་བྱས་འདུག

སྲིད་འཛིན་ཟུར་པ་ཀྲམ་གྱིས་གསལ་བསྒྲགས་དེ་བྱས་རྗེས་གྲོས་ཚོགས་གོང་མའི་འཐུས་ཝེནྶ་དང་ཁོང་གི་སྐུ་ཟླ་གཉིས་མིལ་ཝ་ཀིའི་ནང་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་འོས་མི་ཐག་གཅོད་རྒྱས་འཛོམས་ལ་ཕེབས་ནས་དེར་འདུས་པའི་སྤྱི་མཐུན་ཚོགས་ཁོངས་མི་མང་ལ་འཚམས་འདྲི་བྱས་འདུག་ཅིང་། སྐབས་དེར་ཁོང་ལ་དཀའ་བསུའི་འབོད་སྒྲ་ཡང་ཤུགས་ཆེར་བསྒྲགས་འདུག

དེ་རྗེས་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་སྤྱི་མཐུན་ཚོགས་ཁོངས་ནས་སྲིད་འཛིན་གཞོན་པའི་འོས་མིར་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་་ཝེནྶ་ཡིན་པ་གཞུང་འབྲེལ་གསལ་བསྒྲགས་བྱས་པ་དང་ཆབས་ཅིག ཁོང་གིས་འོས་མིར་ངོས་ལེན་བྱས་ཏེ་དངོས་གཞིའི་འོས་མིར་གཏན་འཁེལ་བྱས་འདུག

གྲོས་ཚོགས་གོང་མའི་འཐུས་མི་ཝེནྶ་
གྲོས་ཚོགས་གོང་མའི་འཐུས་མི་ཝེནྶ་

གྲོས་ཚོགས་གོང་མའི་འཐུས་མི་ཝེནྶ་ད་ལོ་སྲིད་འཛིན་སྐུ་གཞོན་ལ་འོས་འདེམས་བྱུང་བ་ཡིན་ན་ཁོང་ནི་ཨ་རིའི་ལོ་རྒྱུས་ནང་ལོ་ན་གཞོན་ཤོས་ཀྱི་སྲིད་འཛིན་སྐུ་གཞོན་ཆགས་རྒྱུ་ཡིན་པ་དང་། ཁོང་ནི་ཨ་རིའི་ཆབ་སྲིད་ནང་གསར་ཞུགས་གཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ༢༠༢༢ ལོར་ཨ་རིའི་གྲོས་ཚོགས་གོང་མའི་ནང་འོས་འདེམས་བྱུང་ནས་ལོ་གཉིས་མ་གཏོགས་ལས་འཁུར་ནང་ཞུགས་མེད་པ་རེད།

ཝ་ཤིན་ཌོན་པོསྜ་གསར་ཤོག་གིས་དཔྱད་གཏམ་སྤེལ་བའི་ནང་༢༠༡༦ ལོར་ཀྲམ་སྲིད་འཛིན་འོས་མིར་ལངས་སྐབས་སྤྱི་མཐུན་ཚོགས་པའི་ཁོངས་ནས་ཀྲམ་ལ་སྐྱོན་བརྗོད་ཤུགས་ཆེ་ཤོས་བྱེད་མཁན་དེ་ད་ཆ་ཀྲམ་གྱི་སྲིད་འཛིན་གཞོན་པའི་འོས་མི་ཆགས་ཡོད་པ་དང་། སྐབས་དེར་ཝེནྶ་ཅར་ལོ་ རོས་བཅར་འདྲིའི་ནང་ངོས་ཀྱིས་ཀྲམ་གཏན་ནས་འཇུ་ཐུབ་ཀྱི་མི་འདུག ངོས་ནི་ཀྲམ་ལ་རྒྱབ་སྐྱོར་གཏན་ནས་བྱེད་ཀྱི་མེད་པ་མ་་ཟད། ཁོང་ལ་གཏན་ནས་མི་དགའ་ཞེས་བཤད་ཡོད་པ་རེད། ལོ་བརྒྱད་ཀྱི་རྗེས་ཝེནྶ་བལྟ་ཕྱོགས་ཡོངས་སུ་འགྱུར་བ་སོང་ནས་ཀྲམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། སྲིད་འཛིན་ལ་འོས་འདེམས་ཡོང་རྒྱུར་ནུས་པ་ཡོད་ཚད་བཏང་ཡོད་རེད་ཅེས་འགྲེལ་བརྗད་བྱས་འདུག

སྲིད་འཛིན་ཟུར་པ་ཀྲམ་གྱིས་སྲིད་འཛིན་སྐུ་གཞོན་གྱི་འོས་མི་གསལ་བསྒྲགས་མ་བྱས་གོང་ཨ་རིའི་ནང་གླེང་སློང་སྣ་ཚོགས་བྱས་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་དང་ཆབ་སྲིད་དབྱེ་ཞིབ་པ་ཚོས་མཐའ་མའི་མི་འགྲོའི་ནང་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་ རུ་བྷི་ཡ་དང་བྱང་ཌ་ཀི་ཌ་མངའ་སྡེའི་སྲིད་སྐྱོང་ཌོག་ བྷུར་གམ་སོགས་ཡོད་པའི་ཁོངས་ནས་གྲོས་ཚོགས་གོང་མའི་འཐུས་མི་ཝེནྶ་བདམས་ཡོད་པ་རེད། འོན་ཀྱང་རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཟུར་པ་ཀྲམ་གྱིས་ཁོང་གཉིས་འོས་མིའི་ཁོངས་སུ་མེད་སྐོར་ལན་བརྡ་སྤྲད་རྗེས་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་སྲིད་འཛིན་གཞོན་པའི་འོས་མི་ལ་བདམས་ཡོད་པར་ཚོད་དཔག་བྱས་ཡོད་པ་རེད།

ཨན་བྷི་སིས་སྲིད་འཛིན་ཇོ་ བྷའི་ཌན་ལ་དམིགས་བསལ་བཅར་འདྲི་བྱས་པའི་ནང་གྲོས་ཚོགས་མའི་འཐུས་མི་ཝེནྶ་སྲིད་འཛིན་ཟུར་པ་ཀྲམ་གྱི་སྲིད་འཛིན་སྐུ་གཞོན་གྱི་མི་འགྲོར་གསལ་བསྒྲགས་གནང་བའི་སྐོར་ལ་དྲིས་པའི་ལན་དུ་ཝེནྶ་ནི་གནད་དོན་ཚང་མར་ཀྲམ་དང་བསམ་བློ་གཏོང་སྟངས་གཅིག་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

ནིའུ་ཡོག་ཀྲའིམྶ་དང་རུའི་ཀྲར་གསར་སྤེལ་ཁང་ནས་བཏུས།

གསར་འགོད་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG