༄༅། །ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རེས་གཟའ་ཕུར་བུའི་ཉིན། ཊམ་གྱི་ལས་དུས་གཉིས་པའི་སྐབས་སུ་ཕོ་བྲང་དཀར་པོར་འཚམས་འདྲིར་འབྱོར་བའི་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་དང་མཉམ་དུ་ནུས་ཁུངས་ཚོང་དོན་དང་བདེ་འཇགས་འགོག་སྲུང་ཐད་གྲོས་མཐུན་ཆོད་དོན་མང་དག་ཅིག་བཞག་ཡོད་ཀྱང་། ཊམ་གྱིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྒོ་ཁྲལ་སྤར་ཆ་གནང་བཞིན་པར་བརྟེན། རྒྱ་གར་གྱི་འདོད་བློ་ཁེངས་ཁག་པོ་ཆགས་ཡོད་པ་རེད།
སྲིད་འཛིན་ཊམ་གྱིས་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་ལ་སྣེ་ལེན་གཟབ་རྒྱས་ཞུས་གནང་བ་དང་སྦྲགས། རྒྱལ་སྲུང་དང་ནུས་ཁུངས་ཐད་ཀྱི་གྲོས་མཐུན་ཁག་ཅིག་ལ་མཚན་རྟགས་བཀོད་ཡོད་ཀྱང་། ཁོང་གིས་ཉིན་དེ་ག་རང་ལ་ཨ་རིའི་ཚོང་དོན་མཉམ་ལས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྒོ་ཁྲལ་གཅིག་མཚུངས་སྤར་རྒྱུའི་ཐག་གཅོད་དེས། གྲུབ་འབྲས་དེར་ཡོད་འོས་པའི་རང་མདངས་ཤོར་དུ་བཅུག་ཡོད་པ་རེད།
ཊམ་གྱིས་ནུས་ཁུངས་དང་། བར་སྣང་། རྒྱལ་སྲུང་བདེ་འཇགས་བཅས་ཀྱི་ཐད་གྲོས་མཐུན་མང་པོ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་ནས་དམིགས་བསལ་དོ་སྣང་བྱ་འོས་པ་ཞིག་ནི། རྒྱ་གར་དེ་བཞིན་ཨ་རིའི་མཐུན་གྲོགས་ཉེ་ཤོས་ཁག་གི་ལས་འཆར་F-༣༥ ཞེས་པའི་ཁོངས་སུ་འཛུལ་སྲིད་པ་དེ་ཡིན་པ་རེད།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས། དུས་རབས་༢༡ པའི་ཨ་རི་དང་རྒྱ་གར་གྱི་མཐུན་གྲོགས་ཀྱི་འབྲེལ་ལམ་དེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་ཞིང་། དེས་ང་ཚོའི་དབར་གྱི་འབྲེལ་ལ་ཁྱོན་ཡོངས་ནས་ཡར་རྒྱས་གཏང་རྒྱུ་རེད། ད་ལོ་ནས་བཟུང་ང་ཚོས་རྒྱ་གར་ལ་ཨ་སྒོར་དུང་ཕྱུར་བཅུ་གྲངས་འགའ་ཤས་ཀྱི་རིན་གོང་གནས་པའི་དམག་དོན་ཡོ་བྱད་མཁོ་འདོན་བྱ་རྒྱུ་ཡིན། དེ་དང་དུས་མཚུངས་སུ་ང་ཚོས་མཐའ་མར་རྒྱ་གར་ལ་F-༣༥ རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མཁོ་སྤྲོད་བྱེད་པའི་ལམ་གཤང་བྱེད་བཞིན་པ་ཡིན། ཞེས་གསུངས་འདུག།
དེ་དང་ཆབས་ཅིག། ཉིན་དེ་ག་རང་ལ་སྲིད་འཛིན་ཊམ་གྱིས་མཐུན་གྲོགས་ཁག་ལ་དམིགས་པའི་ཕུན་ཚུན་དབར་སྒོ་ཁྲལ་འདྲ་མཚུངས་ཀྱི་ལས་གཞིའི་ཐད་བསྐྱར་ཞིབ་དགོས་པའི་བཀའ་རྒྱ་བཏང་ཞིང་། ཁོང་ཉིད་སྲིད་བློན་མོ་དྷི་མཆོག་གི་འཁྲིས་སུ་བཞེངས་ནས་དེ་ནི་ཨ་རིས་རྒྱ་གར་མཉམ་དུ་དུས་ཡུན་རིང་པོར་ཚོང་དོན་འདྲ་མཉམ་མིན་པའི་གྱོང་གུན་ཉུང་དུ་གཏོང་ཕྱིར་ཡིན་ཞེས་གསུངས་ཡོད་པ་རེད།
མོ་དྷི་ཡིས་སྐུ་རྩེད་ཀྱི་ཚུལ་དུ། ཁོང་ཉིད་ལ་སྲིད་འཛིན་ཊམ་ལས་བློ་བསྐྱེད་ཐོབ་སྟེ། ཨ་མེ་རི་ཀ་བསྐྱར་དུ་རླབས་ཆེན་བཟོ་གི་ཡིན་ཞེས་པའི་འབོད་ཚིག་དེ་ལས། ད་ཆ་རྒྱ་གར་བསྐྱར་དུ་རླབས་ཆེན་བཟོ་གི་ཡིན་ཞེས་པ་གསར་བཟོ་བྱས་ཡོད་པ་དང་། ནུས་ཁུངས་ཐད་ཀྱི་མཉམ་ལས་དང་། རྡུལ་ཕྲན་ཚོར་འདུ་འཕྲུལ་ཆས་ཆུང་ཙག་རིགས། རྒྱལ་སྲུང་བདེ་འཇགས་ཐད་གྲོས་ཆོད་བཞག་ཐད་ནས་ནན་བརྗོད་གནང་འདུག།
རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷིས་དེ་ནི་ཨ་རི་དང་རྒྱ་གར་གཉིས་མཐུན་པའི་ལག་རྡང་སྦྲེལ་དཔུང་པ་མཉམ་གཤིབ་བྱས་ཏེ། རླབས་ཆེན་ཐོག་ལ་རླབས་ཆེན་བསྣན་པའི་ཐུན་མོང་ཐོག་ཡར་རྒྱལ་གོང་འཕེལ་ལ་འགྲོ་བའི་འབྲེལ་ལམ་ཡག་པོ་ཞིག་རེད། ཅེས་གསུངས་ཤག།
གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དམིགས་ཡུལ་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར། རྒྱ་གར་གྱིས་ནུས་པ་གལ་ཆེན་འདོན་བཞིན་པ་དང་། ཉེ་ཆར་མོ་དྷིས་རྒྱ་གར་གྱི་སྲུང་སྐྱོབ་ཀྱི་ནུས་པ་དེ་ཡར་རྒྱས་བཏང་དང་གཏོང་མུས་ཡིན་པ་བརྗོད་འདུག།
ཨ་རིའི་ཞི་བདེ་ཉམས་ཞིབ་ཁང་གི་ཐ་མན་ནཱ སཱ་ལི་ཁུ་དྷིན་ལགས་ཀྱིས། རྒྱ་གར་གྱིས་ཉི་ཧོང་དང་། ཨོ་སི་ཊོ་ལི་ཡ། ཨ་རི་བཅས་དང་མཉམ་དུ་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་མཉམ་ལས་དང་མཐུན་ཕྱོགས་འཛུགས་སྐྲུན་ཐད་ནུས་པ་འགངས་ཆེན་འདོན་བཞིན་པ་དང་། དེ་ནི་ཊམ་གྱི་ལས་དུས་དང་པོའི་སྐབས་སུ་ཐུགས་སྣང་གནང་ཡུལ་གཙོ་བོ་ཞིག་ཡིན་པ་རེད། ཅེས་གསུངས་འདུག།
རྒྱ་གར་གྱི་གནད་དོན་དཔྱད་ཞིབ་པ་ཚོས་ཕྱོགས་གཉིས་དབར་ཁེ་ཕན་ཆེན་པོ་ཡོད་ཀྱང་། རྒྱ་གར་ལ་ཉེན་ཁ་དེ་བས་ཆེན་པོ་ཡོད་པ་བརྗོད་འདུག།
འཐབ་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ཁང་གི་རི་ཆར་ཌི་རོ་སོ་ལགས་ཀྱིས། སྲིད་འཛིན་ཊམ་གྱིས་འཛམ་གླིང་ཡོངས་སུ་ཚོང་དོན་དམག་འཁྲུག་ལངས་པ་དང་བསྟུན་ནས། རྒྱ་གར་གྱི་ཁེ་ཕན་ལ་དོ་ཕོག་ཐེབས་ཚད་དེ་རྒྱལ་ཁབ་གཞན་ཀུན་ལས་ཀྱང་ཆེ་བ་རེད། དེའི་ཕྱིར་ཁོང་ཚོས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དེ་བརྟན་པོ་གནས་དགོས་ཀྱི་རེད། ཁོང་རྣམ་པ་གཉིས་ཀྱིས་འཕྲལ་སེལ་རིང་ཐག་གཅོད་ཐུབ་པའི་སྲིད་ཇུས་སྐོར་ལ་བཀའ་མོལ་གནང་ནས། གནས་སྟངས་དོ་སྙོམས་པོ་ཡོང་ཐུབ་པ་བཟོ་དགོས། གང་ཡིན་ཟེར་ན་འབྲེལ་ལམ་འདི་ང་ཚོར་གལ་ཆེན་པོ་ཡིན། རྒྱ་གར་མཚོན་ན་འབྲེལ་ལམ་འདི་མེད་དུ་མི་རུང་བ་ཞིག་རེད། ཅེས་གསུངས་འདུག།
ལོ་ངོ་བཅུ་ལྷག་ཙམ་རིང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཀྱི་སྣེ་ཁྲིད་གནང་མཁན་སྲིད་བློན་མོ་དྷི་ནི་སྲིད་དོན་པ་འཇོན་པོ་ཞིག་ཡིན་ཙང་། གནས་ལུགས་དེ་རྟོགས་ཡོད་པ་ངེས་གཏན་ཡིན་པ་དང་། ཁོང་གིས་ཧྥ་རན་སི་ནས་ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཌི་ཝེན་སི་དང་མཇལ་འཕྲད་གནང་ཡོད་པར་མ་ཟད། ཨ་རིར་ལེགས་བཅོས་གཏོང་བཞིན་པའི་འབྱོར་ལྡན་པ་ཨེ་ལོན་མ་སི་ཁི་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད།
གླེང་སྟེགས།