ཧ་མ་སིས་ཨི་སི་རལ་གྱི་མི་གཏའ་གློད་གྲོལ་གཏང་རྒྱུའི་འཆར་གཞི་རྗེས་མ་དེ་ཕྱིར་འགྱངས་བྱ་རྒྱུའི་འཇིགས་སྐུལ་བྱས་པར་བརྟེན་ནས། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་མེ་འཕེན་མཚམས་འཇོག་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེའི་རྗེས་གྷ་ཛ་ས་ཁུལ་གྱི་པ་ལེ་སི་ཐན་གྱི་མི་དམངས་ཚོས་དམག་འཁྲུག་སླར་ཡང་འབྱུང་རྒྱུའི་འཇིགས་སྣང་བྱེད་ཀྱི་ཡོད་པ་རེད།
གྷ་ཛར་གནས་སྡོད་བྱེད་མཁན་ས་མཱི་ཡ་ཇཱ་མལ་ཞེས་སུ་འབོད་པ་ཞིག་གིས། ང་ཚོར་དམག་འཁྲུག་སྡུག་བསྔལ་ཚད་མེད་མྱངས་སོང་། ང་ཚོ་ད་ཆ་ཐ་ན་འཇིག་རྟེན་ཁམས་སུ་སྡོད་སྙིང་ཡང་འདོད་ཀྱི་མི་འདུག། ཅེས་བརྗོད་འདུག།
རེས་གཟའ་མིག་དམར་ཉིན་ལ་སྲིད་འཛིན་ཊམ་གྱིས་ཕོ་བྲང་དཀར་པོ་ནས་འཇོར་ཌན་གྱི་རྒྱལ་པོ་ཨབ་བྷུ་ལཱ་ལ་མཇལ་འཕྲད་གནང་སྐབས། ཁོང་གིས་གྷ་ཛ་རྩིས་ལེན་རྒྱུའི་འཆར་གཞིའི་སྐོར་བསྐྱར་དུ་ནན་བརྗོད་གནང་གསལ་དུ། ངས་བསམ་ན་དེ་ནི་པ་ལེ་སི་ཐན་གྱི་མི་རྣམས་ལ་མཚོན་ན་ཧ་ཅང་དགའ་སྤོབས་སྐྱེ་འོས་པའི་གནས་སྟངས་ཤིག་རེད། ཁོ་ཚོ་དེར་དགའ་པོ་བྱེད་ཡོང་གི་རེད། ངས་ས་ཁང་ཉོ་ཚོང་གི་ལས་ཀར་འཇོན་པོ་ཡོད་ཙང་། ངས་ཁྱེད་རང་ལ་ས་ཁང་ཉོ་ཚོང་གི་ཐད་ནས་སྐད་ཆ་བཤད་ཐུབ་ཀྱི་ཡོད། ཁོ་ཚོ་དགའ་པོ་ཡོང་ཐག་ཆོད་ཡིན། ཞེས་གསུངས་འདུག།
དེ་ལྟར་ལགས་ཀྱང་། པ་ལེ་སི་ཐན་བ་དང་། འཇོར་ཌན་དང་། ཨི་ཅིབ། དེ་བཞིན་རྒྱལ་ཁབ་གཞན་ཁག་ཅིག་གིས་ཊམ་གྱིས་གྷ་ཛའི་མི་དམངས་ས་ཡ་གཅིག་དང་འབུམ་དགུ་ཙམ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བཙན་ཤེད་ཀྱིས་གནས་སྤོ་བྱེད་འཇུག་པའི་འཆར་གཞི་དེ་ཁས་ལེན་བྱས་མེད་པ་རེད།
ཡིན་ནའང་། འཇོར་ཌན་གྱི་རྒྱལ་པོ་ཨབ་བྷུ་ལཱས་གྷ་ཛའི་ནང་སྐྲན་ནད་དང་ནད་གཞི་གཞན་དག་གིས་མནར་བའི་ནད་པ་༢༠༠༠ ལ་འཕྲལ་མར་སྣེ་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་ལས་གཞན། འཆར་གཞི་འཕར་མ་བཏོན་མེད་པ་རེད།
འཇོར་ཌན་གྱི་རྒྱལ་པོ་ཨབ་དྷུ་ལཱས། ངས་བྱས་ན་ང་ཚོས་སེམས་ལ་ངེས་དགོས་པ་ཞིག་ནི། ཨི་ཅིབ་དང་ཨ་རབ་རྒྱལ་ཁབ་ཁག་ནས་འཆར་གཞི་ཞིག་བཟོས་ཡོད་པ་རེད། སོ་ཌི་ཨ་རབ་ཀྱི་རྒྱལ་སྲས་མོ་ཧ་མཱ་ཌི་བྷིན་སལ་མན་གྱིས་ང་ཚོ་རི་ཡ་ཌི་ལ་སྐད་བཏང་ནས་དེ་དོན་གྲོས་བསྡུར་བྱས་པ་ཡིན། ངས་བྱས་ན་གནད་དོན་གཙོ་བོ་དེ། ང་ཚོས་འཆར་གཞི་དེ་བཞིན་ཇི་ལྟར་ཕྱོགས་ཚང་མར་ཕན་ཐོགས་ཡོད་པ་ཞིག་བཟོ་རྒྱུ་དེ་རེད། ཅེས་གསུངས་ཡོད་པ་རེད།
ད་ལན་གྱི་མཇལ་འཕྲད་དེ་ནི་ཨབ་དྷུ་ལ་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་ཞིང་། ཁོང་གིས་མཐུན་གྲོགས་ཀྱི་འབྲེལ་ལམ་དེ་ཉར་རྒྱུ་གལ་ཆེན་པོ་ཡིན་པ་དང་། འཇོར་ཌན་གྱིས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཕྱི་རྒྱལ་གྱི་རོགས་དངུལ་འབོར་ཆེན་ཡོང་སའི་མཐུན་གྲོགས་དེར་བརྟེན་དགོས་ཀྱི་ཡོད་པ་རེད།
ཊམ་གྱིས་རེས་གཟའ་ཟླ་བའི་ཉིན་རོགས་དངུལ་བཀག་སྡོམ་བྱ་རྒྱུའི་བརྡ་ཞིག་བསྟན་ཡོད་ཀྱང་། རེས་གཟའ་ལྷག་པའི་ཉིན་ཕྱིར་འཐེན་གནང་འདུག།
འཇོར་ཌན་གྱི་མི་མང་པོ་ཞིག་ནི་པ་ལེ་སི་ཐན་གྱི་གནས་སྤོ་བའི་མི་རྒྱུད་ཡིན་པ་དང་། གལ་ཏེ་ཨབ་དྷུ་ལཱ་ཡིས་ཊམ་གྱི་འཆར་གཞི་ལ་རྒྱབ་སྐྱོར་བྱས་ཚེ་འཇོར་ཌན་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པར་མ་ཟད། ཧ་མ་སི་ཁར་ཐུག་འཇོར་ཌན་ནང་དུ་འཛུལ་ཞུགས་ཀྱང་བྱ་སྲིད་པ་རེད།
དེ་བཞིན་ཧ་མ་སིས་འཇོར་ཌན་རྒྱལ་ནང་དུ་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་ངལ་བཟོ་སྲིད་པར་མ་ཟད། འཇོར་ཌན་དེ་ཨི་སི་རལ་ལ་འཇབ་རྒོལ་བྱེད་སའི་རྟེན་གཞི་ཞིག་ཏུ་འགྱུར་སྲིད་པའི་འཇིགས་སྣང་ཡོང་བཞིན་པ་རེད། དེ་ཙང་དེ་ཚོ་ཚང་མ་འཇོར་ཌན་གྱི་བརྟན་ལྷིང་དང་། གཅིག་བྱས་ན་འཚོ་གནས་ལ་ཡང་ཉེན་ཁ་ཆེན་པོ་བཟོ་སྲིད་པ་རེད།
གྷེ་ཐི་ཨོ་མ་རིས། ཊམ་གྱི་གྷ་ཛ་རྩིས་ལེན་རྒྱུའི་འཆར་གཞི་དེས་ཧ་མ་སི་ལ་མུ་མཐུད་དུ་མེ་འཕེན་མཚམས་འཇོག་བྱེད་པའི་སྒུལ་ཤུགས་མེད་པར་བཟོས་ཡོད་པ་རེད། ཅེས་བརྗོད་འདུག།
རེས་གཟའ་ཟླ་བའི་ཉིན་ལ་ཧ་མ་སིས་ཨི་སི་རལ་གྱིས་མེ་འཕེན་མཚམས་འཇོག་གི་ཆོད་དོན་ལ་འགལ་འཛོལ་བྱས་ཡོད་པའི་ཉེས་འཛུགས་བྱས་ཏེ། མི་གཏའ་གློད་གྲོལ་གྱི་འཆར་གཞི་རྗེས་མ་དེ་ཕྱིར་འགྱངས་བྱ་རྒྱུའི་འཇིགས་སྐུལ་བྱས་ཡོད་པ་རེད།
སྲིད་འཛིན་ཊམ་དང་ཨི་སི་རལ་གྱི་སྲིད་བློན་བྷན་ཇཱ་མེན་ནེ་ཐ་ཡ་ཧུ་གཉིས་ཀྱིས་དེ་དོན་མཐའ་མའི་ཉེན་བརྡ་གཅིག་མཚུངས་ཤིག་བཏང་ཡོད་པ་རེད།
ཨི་སི་རལ་གྱི་སྲིད་བློན་བྷན་ཇཱ་མེན་ནེ་ཐ་ཡ་ཧུས། གལ་ཏེ་ཧ་མ་སིས་རེས་གཟའ་སྤེན་པའི་ཉིན་གུང་བར་དུ་ང་ཚོའི་མི་གཏའ་ཕྱིར་སྤྲོད་མ་བྱས་ན། མེ་འཕེན་མཚམས་འཇོག་མཇུག་སྒྲིལ་རྒྱུ་དང་། ཨི་སི་རལ་རྒྱལ་སྲུང་དམག་གི་འཐབ་འཁྲུག་བསྐྱར་ལངས་བྱས་ཏེ་ཧ་མ་སི་རྩ་མེད་དུ་གཏ་རྒྱུ་ཡིན། ཞེས་བརྗོད་འདུག།
ཊམ་གྱིས་དམག་འཁྲུག་མཇུག་སྒྲིལ་རྗེས་ཨི་སི་རལ་གྱིས་གྷ་ཛ་ཨ་རིར་རྩིས་སྤྲོད་བྱ་རྒྱུ་རེད། ཅེས་བརྗོད་འདུག།
སྲིད་འཛིན་ཊམ་གྱིས། ང་ཚོས་ཅ་ལག་གང་ཡང་ཉོ་ཚོང་བྱ་རྒྱུ་མིན། ང་ཚོར་ཐོབ་ཀྱི་རེད། ང་ཚོས་དེར་བདག་ཚགས་བྱེད་ཀྱི་ཡིན། ང་ཚོས་གནས་དེར་ཞི་བདེ་ཡོང་རྒྱུ་དང་། དཀའ་ངལ་གང་ཡང་མི་འབྱུང་རྒྱུ་དང་། སུས་ཀྱང་དེ་ལ་དོགས་པ་བྱེད་རྒྱུ་མེད་པ་ཁག་ཐེག་བྱེད་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད།
འོན་ཀྱང་གྷ་ཛའི་མི་དམངས་ཚོས་དེར་མོས་མཐུན་བྱེད་ཀྱི་མ་རེད།
གླེང་སྟེགས།