ཨ་རིའི་མཉམ་འབྲེལ་གསར་ཁང་དང་རའེ་ཌར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོ་ནས་ཨི་སི་རལ་གྱི་སྲིད་བློན་བྷེན་ཇ་མིན་ནེ་ཐན་ཡ་ཧུ་དང་མཇལ་འཕྲད་གནང་ནས་ཉིན་གཉིས་ཕྱིན་པའི་རྗེས་སུ། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གྲོས་ཚོགས་སུ་ཨི་སི་རལ་ལ་ཨ་སྒོར་དུང་ཕྱུར་༧༤ གནས་པའི་གོ་མཚོན་བཙོང་རྒྱུའི་འཆར་གཞི་ཞིག་བཟོས་ཡོད་པའི་བརྡ་ལན་ཕུལ་ཡོད་པ་དང་། འཆར་གཞིའི་དེའི་ནང་འབར་རྫས་དང་འཕུར་མདེལ་སྟོང་ཕྲག་མང་པོ་ཚུད་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གསུངས་པར་གཞིགས་ན། རེས་གཟའ་པ་སངས་ཉིན་ལ་གྲོས་ཚོགས་སུ་དམག་མཁོ་ཕྱིར་ཚོང་གི་ཡིག་ཆ་གཉིས་ཕུལ་ཡོད་པ་ལས། ཡིག་ཆ་དང་པོ་དེར་ཨ་སྒོར་དུང་ཕྱུར་༦༧.༥ ཡི་རིན་གོང་གནས་པའི་རྫས་མདེལ་སོགས་དམག་མཁོའི་ཡོ་བྱད་ཁག་ཅིག་ཡོད་ཅིང་། དེའི་ཁོངས་སུ་འབར་རྫས་ཁག་སྣ་ཚོགས་དང་། ལམ་སྟོན་བྱེད་ཆས། འབྲེལ་ཡོད་ཡོ་བྱད་གཞན་དག་བཅས་ཚུད་ཡོད་པ་དང་། དེ་བཞིན་སྦོམ་ཚད་ཆུང་བའི་འབར་རྫས་༡༦༦ དང་། ལྗིད་ཚད་ཕང་ཊི་༥༠༠ ཡོད་པའི་འབར་རྫས་༢༨༠༠ ཐམ་པ། ལམ་སྟོན་བྱེད་ཆས་སྟོང་ཕྲག་མང་པོ། མེ་སྒྲོན་སྤྱད། འབར་རྫས་ཀྱི་ཆ་ལག་གཞན་དག་དང་རྒྱབ་སྐྱོར་ཡོ་བྱད་བཅས་ཚུད་ཡོད་པ་རེད། དེ་དག་གི་རིན་འབབ་དེ་ད་ལོ་ནས་སྤྲོད་འགོ་ཚུགས་ཏེ་རྩིས་ལེན་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད།
གཞན་གཅིག་དེ། ཨ་སྒོར་ས་ཡ་༦༦༠ ཐམ་པའི་རིན་གོང་གནས་པའི་དམག་མཁོ་ཡོ་བྱད་ཡིན་པ་དང་། དེའི་ནང་ནས་"དམྱལ་བའི་མེ་ལྕེ"ཞེས་སུ་འབོད་པའི་འཕུར་མདེལ་༣༠༠༠ དང་འབྲེལ་ཡོད་ཡོ་བྱད་བཅས་ཚུད་ཡོད་པ་རེད། འཕུར་མདེལ་དེ་དག་སྤྱི་ལོ་༢༠༢༨ ལོར་མཁོ་སྤྲོད་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་། གོ་མཚོན་དེ་དག་བེད་སྤྱོད་གཏོང་བར་ཨ་རིའི་དམག་མིས་སྦྱོང་བརྡར་འཕར་མ་སྤྲོད་དགོས་ཀྱི་ཡོད་པ་རེད།
གླེང་སྟེགས།