ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཊམ་གྱིས་ཕྱི་སྲིད་ཀྱི་གནོན་ཤུཊ་སྤྲད་ནས་ཨུ་ཡུག་དམག་འཁྲུག་མཚམས་འཇོག་བྱ་རྒྱུ།
གཟའ་ཟླ་བ། ༢༠༢༥/༠༣/༡༧

ཊམ་གྱིས་ཕྱི་སྲིད་ཀྱི་གནོན་ཤུཊ་སྤྲད་ནས་ཨུ་ཡུག་དམག་འཁྲུག་མཚམས་འཇོག་བྱ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་སྲིད་གནོན་ཤུཊ་འོག་ཨུ་ཡུག་དམག་འཁྲུག་མཚམས་འཇོག་བྱ་རྒྱུ།

༄༅། །ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་ཨུ་རུ་སུ་དང་མཉམ་དུ་བཙོན་པ་བརྗེ་རེས་ལེགས་འགྲུབ་བྱུང་རྗེས། ཡུག་ཀེ་རན་དང་ཨུ་རུ་སུ་དབར་གྱི་དམག་འཁྲུག་འདུམ་ཕྱིར་ཕྱི་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་འབད་བརྩོན་ཤུགས་ཆེན་གནང་བཞིན་ཡོད་ཅིང་། མི་འགྱངས་པར་ཁོང་གིས་ཨུ་རུ་སུའི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུ་ཡིན་པར་མ་ཟད། རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་གཞོན་པས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བཏང་ནས་ཡུག་ཀེ་རན་གྱི་འགོ་ཁྲིད་ཚོ་དང་གྲོས་མོལ་བྱ་རྒྱུ་ཡིན་པ་རེད།

སྲིད་འཛིན་ཊམ་མཆོག་གིས་ཕྱི་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་ཨུ་རུ་སུས་ལོ་ངོ་གསུམ་གྱི་རིང་ལ་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པའི་དམག་འཁྲུག་མཇུག་སྒྲིལ་རྒྱུའི་འབད་བརྩོན་གནང་བཞིན་པ་དང་དུས་མཚུངས་སུ་ཨ་རིས་མུ་མཐུད་ནས་ཡུག་ཀེ་རན་ལ་རྒྱབ་སྐྱོར་གནང་རྒྱུའི་ཆ་རྐྱེན་བཏོན་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས། ང་ཚོའི་མ་དངུལ་ལ་བདེ་འཇགས་ཡོང་བ་བྱ་དགོས་ཀྱི་རེད། ཡུག་ཀེ་རན་ལ་རྡོ་སྣུམ་དང་རང་བྱུང་སོལ་རླངས། ས་གཏེར་དཀོན་པོ་སོགས་ཐོན་ཁུངས་མང་པོ་ཡོད་། ཡུག་ཀེ་རན་གྱིས་ཁས་ལེན་གནང་སོང་། ང་ཚོས་མུ་མཐུད་ནས་རྒྱབ་སྐྱོབ་ཀྱི་མ་དངུལ་ནར་གཏོང་བྱ་རྒྱུ་ཡིན། ཡིན་ནའང་། དངུལ་དེ་བདེ་འཇགས་ཡོང་བར་ཁག་ཐེག་དགོས་ཀྱི་རེད། ཅེས་གསུངས་འདུག།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིང་།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིང་།

རེས་གཟའ་ལྷག་པའི་ཉིན་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོ་ལྟར་ན། ༢༠༢༢ ལོའི་ཟླ་༢ པ་ནས་བཟུང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཡུག་ཀེ་རན་ལ་དམག་དོན་དང་དམག་དོན་མིན་པའི་རོགས་སྐྱོར་ཨ་སྒོར་དུང་ཕྱུར་༡༨༣༠ ཙམ་ཆོག་མཆན་སྤྲད་ཡོད་པ་དང་། དེའི་ནང་ནས་ཨ་སྒོར་དུང་ཕྱུར་༤༠༠ མ་ཟིན་ཙམ་ད་དུང་བེད་སྤྱོད་གཏང་ཆོག་གི་ཡོད་པ་རེད།

སྲིད་འཛིན་ཊམ་མཆོག་གིས་གསུང་བཤད་གནང་བ་དེས། ཨུ་ཡུག་གཉིས་ཀྱི་འགོ་ཁྲིད་ཚོ་དང་ཁ་པར་བརྒྱུད་ནས་བཀའ་མོལ་གནང་ཡོད་པ་དངོས་འབྲེལ་ཡིན་པ་མཚོན་གྱི་ཡོད་པ་དང་། ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་མཆོག་གིས་ཀྱང་། སྲིད་འཛིན་ཊམ་མཆོག་དང་ལྷན་དུ་གྲོས་མོལ་ཡུན་རིང་པོ་བྱུང་ཡོད་པ་ངོས་ལེན་གནང་འདུག།

རེས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཛེ་ལན་སི་ཀི་མཆོག་གིས་ཨ་རིའི་ནོར་སྲིད་བློན་ཆེན་དང་དཔལ་འབྱོར་སྐོར་གོ་བསྡུར་གནང་སྐབས། ཡུག་ཀེ་རན་གྱི་ཞི་བདེའི་འཆར་གཞིའི་ནང་གི་སྙིང་དོན་དེ་ནུབ་ཆིངས་ཀྱི་ཚོགས་མི་ཆགས་འཇུག་རྒྱུ་དང་། བདེ་འཇགས་ལ་འགན་ལེན་དགོས་པ་དེ་གཉིས་ཡིན་པ་གསུངས་ཡོད་པ་རེད།

ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་མཆོག་གིས། ངས་སྲིད་འཛིན་ཊམ་མཆོག་ལ་བདེ་འཇགས་འགན་ལེན་དེ་དག་དགོས་པའི་འབོད་སྐུལ་ཞུས་པ་ཡིན། ཡུ་ཀེ་རན་ལ་རོགས་སྐྱོར་གནང་སྟེ་ང་ཚོའི་འགོག་སྲུང་ལ་ཤུགས་སྣོན་གནང་དགོས་ཀྱི་འདུག། ང་ཚོས་ཡུ་རོབ་དང་བཀའ་མོལ་གནང་ནས་དམག་དཔུང་སྟོབས་ཆེན་ཞིག་འཛུགས་དགོས་ཀྱི་འདུག། མུ་མཐུད་ནས་དམག་དཔུང་རྒྱ་བསྐྱེད་གཏང་དགོས་ཚེ་ང་ཚོ་ད་ལྟ་དངུལ་གྱི་དཀའ་ངལ་འདུག། དངུལ་དེ་ས་ཆ་གང་རུང་ཞིག་ནས་ཡོང་དགོས་ཀྱི་རེད། འདི་ནི་ཕལ་ཆེར་ང་ཚོའི་བདེ་འཇགས་ཀྱི་འགན་ལེན་དེ་ཡིན་གྱི་རེད། ཅེས་གསུངས་འདུག།

སྲིད་འཛིན་ཊམ་མཆོག་དང་ཨ་རིའི་དགེ་རྒན་མར་ཁི་ཧྥོ་གྷལ་Marc Fogel ལགས་རྣམ་གཉིས་མཇལ་འཕྲད་གནང་བཞིན་པའི་ངང་ཚུལ།
སྲིད་འཛིན་ཊམ་མཆོག་དང་ཨ་རིའི་དགེ་རྒན་མར་ཁི་ཧྥོ་གྷལ་Marc Fogel ལགས་རྣམ་གཉིས་མཇལ་འཕྲད་གནང་བཞིན་པའི་ངང་ཚུལ།

ཊམ་གྱིས་ད་དུང་ཁོང་གིས་མི་འགྱངས་པར་སོ་ཌི་ཨ་རབ་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིང་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་གསུངས་འདུག།

དེ་བཞིན་དམག་འཁྲུག་མཇུག་སྒྲིལ་ཡོང་རྒྱུར་ཕན་ཐོགས་ཡོད་ཙང་། མོ་སི་ཁོའི་འདོད་མོས་ལྟར་ཁོང་གིས་ཨ་རིའི་དགེ་རྒན་མར་ཁི་ཧྥོ་གྷལ་Marc Fogel ལགས་དང་ཨུ་རུ་སུའི་དྲ་ལམ་ནག་ཚོང་གི་གཏེ་པོ་ཞིག་ཕན་ཚུན་བརྗེ་ལེན་བྱ་རྒྱུའི་ཁས་ལེན་གནང་ཡོད་པ་རེད།

བཙོན་པ་བརྗེ་ལེན་སྐོར་ལ་ཀེ་རེམ་ལིན་གཞུང་འཛིན་གྱིས་གསལ་བསྒྲགས་བྱས་དོན་དུ། བཤད་མ་དགོས་པར་གྲོས་མཐུན་དེ་འདྲ་ཞིག་མ་བྱུང་གོང་ལ་ང་ཚོས་གྲོས་མོལ་ཧ་ཅང་ཞིབ་ཕྲ་བྱ་རྒྱུ་ཡིན། གྲོས་མཐུན་དེ་འདྲ་དེས་གནད་དོན་ཐག་གཅོད་བྱེད་པའི་འགྱུར་ལྡོག་ཅིག་ཡིན་མི་སྲིད་ཀྱང་། ད་དང་དུས་མཚུངས་སུ། ཨ་རི་དང་ཨུ་རུ་སུའི་དབར་ཕན་ཚུན་ཡིད་ཆེས་བསྐྱར་གསོ་བྱེད་པའི་གོམ་པ་གལ་ཆེན་པོ་ཞིག་ཡིན་པ་རེད། ད་ལྟའི་ང་ཚོའི་འབྲེལ་ལམ་དེ་ཚད་དམའ་ཤོས་ཀྱི་སྐབས་ཤིག་ཡིན། ཞེས་ཨུ་རུ་སུའི་གཞུང་གི་མགྲིན་ཚབ་པ་དྷེ་མཱི་ཊེར་ཕེ་སི་ཁོབ་ཀྱི་ངག་ནས་བརྗོད་ཡོད་པ་རེད།

སྤྱི་ལོ་༢༠༢༥ ཟླ་བ་༢ པའི་ཚེས་༡༣ ཉིན། ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཌི་ཝེན་སི་མཆོག་དང་ལྕམ་ཨུ་ཤ་ཝེན་སི་ལགས་སྟངས་དཔྱལ་གཉིས་ཀྱིས་མུ་ནིག་བདེ་འཇགས་ཚོགས་ཆེན་འགོ་མ་ཚུགས་པའི་ཉིན་གཅིག་གི་སྔོན་ལ་འཇར་མན་ལྷོ་ཕྱོགས་ཀྱི་མུ་ནིག་རྒྱལ་སྤྱིའི་གནམ་ཐང་དུ་འབབ་སྐབས་ཕྱག་གཡུག་གནང་བཞིན་པའི་ངང་ཚུལ།
སྤྱི་ལོ་༢༠༢༥ ཟླ་བ་༢ པའི་ཚེས་༡༣ ཉིན། ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཌི་ཝེན་སི་མཆོག་དང་ལྕམ་ཨུ་ཤ་ཝེན་སི་ལགས་སྟངས་དཔྱལ་གཉིས་ཀྱིས་མུ་ནིག་བདེ་འཇགས་ཚོགས་ཆེན་འགོ་མ་ཚུགས་པའི་ཉིན་གཅིག་གི་སྔོན་ལ་འཇར་མན་ལྷོ་ཕྱོགས་ཀྱི་མུ་ནིག་རྒྱལ་སྤྱིའི་གནམ་ཐང་དུ་འབབ་སྐབས་ཕྱག་གཡུག་གནང་བཞིན་པའི་ངང་ཚུལ།

ཨ་རིའི་སྲིད་འཛིན་གཞོན་པ་ཇེ་ཌི་ཝན་སི་མཆོག་ད་ལྟ་ཧྥ་རན་སི་ནས་འཇར་མན་དུ་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང་། ཁོང་གིས་མུ་ནིག་གྲོང་ཁྱེར་དུ་ཨ་རི་དང་ཡུག་ཀེ་རན་གྱི་སྣེ་ཡོད་ཚོའི་དབར་ཆེས་མཐོའི་གྲོས་མོལ་ཞིག་གཙོ་སྐྱོང་གནང་རྒྱུ་དང་། དེ་ནི་ད་ལན་ཁོང་གིས་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་ནས་ཕྱི་རྒྱལ་དུ་འགྲུལ་བཞུད་གནང་བ་ཐོག་མ་དེ་ཡིན་པ་རེད།

གླེང་སྟེགས།

XS
SM
MD
LG