༄༅།། ནུབ་ཆིངས་ཀྱིས་ཌོ་ནལ་ཊམ་དང་ཕུ་ཊིན་གཉིས་ཀྱིས་གྲོས་མོལ་ཇི་ལྟར་བྱས་ཀྱང་ཡུཀ་རེན་དང་ཡུ་རོབ་གྲོས་སྡུར་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བརྗོད། རྒྱ་ནག་གིས་ཌོ་ནལ་ཊམ་དང་ཕུ་ཊིན་གྱི་གྲོས་མོལ་ལ་བར་འདུམ་བྱེད་ཆོག་ཅེས་གྲོས་གཞི་བཏོན། ཕྱི་ཟླ་༢་པའི་ཚེས་༡༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ལྷག་པའི་ཞོགས་པར་ཌོ་ནལ་ཊམ་གྱིས་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་ལ་ཁ་པར་བཏང་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་བསྒྲིལ་དགོས་ཞེས་ནན་གྱིས་བསྐུལ། དེའི་རྗེས་སུ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་ཁ་པར་བཏང་ནས་དམག་འཁྲུག་མཇུག་སྒྲིལ་ཇི་ལྟར་བྱ་དགོས་མིན་ཨ་རིའི་འཆར་གཞི་རྣམས་བཤད། ཌོ་ནལ་ཊམ་གྱིས་ཡུཀ་རེན་དང་ཡུ་རོབ་རྒྱལ་ཁབ་ཁག་གྲོས་མོལ་ལ་མཉམ་ཞུགས་བྱེད་དུ་མ་བཅུག་པར་ཨ་རི་དང་ར་ཤི་ཡ་གཉིས་ཀྱིས་གྲོས་མོལ་བྱས་ནས་དམག་འཁྲུག་མཇུག་བསྡུ་རྒྱུའི་བརྡ་ཞིག་བཏང་འདུག
གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་གཞོན་པ་ཇཱི་ཌི་ཝན་སི་འཇར་མན་ཎིའི་མིའུ་ནིག་གྲོང་ཁྱེར་དུ་བདེ་འཇགས་ཚོགས་འདུར་ཕེབས་ཏེ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་མོད། འོན་ཀྱང་གཟའ་ཟླ་བའི་དགོང་མོར་ཌོ་ནལ་ཊམ་གྱིས་ཧྥོཀ་སི་གསར་ཁང་ལ་ཉི་མ་གཅིག་ཡུཀ་རེན་ར་ཤི་ཡའི་འོག་ཏུ་ཚུད་སྲིད། གཅིག་བྱས་ན་ཚུད་མི་སྲིད། ཁོ་ཚོས་འགྲིག་འཇགས་ཤིག་བྱེད་སྲིད། གཅིག་བྱས་ན་བྱེད་མི་སྲིད་ཅེས་ཡུཀ་རེན་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་མིན་དོགས་པ་བསླངས། ཊམ་གྱིས་ཨ་མི་རི་ཀས་མུ་མཐུད་དུ་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་དགོས་ཚེ། ཡུཀ་རེན་ལ་ས་གཏེར་དཀོན་པོའི་གཏེར་ཁ་ཕྱུག་པོ་ཡོད་པ་རྣམས་ཨ་མི་རི་ཀར་སྤྲོད་དགོས་པའི་གོ་རྒྱུ་བཏང་ཞིང་། ཌོ་ནལ་ཊམ་གྱི་སྐད་ཆ་དེ་ཕུ་ཊིན་ལ་རྨ་བྱའི་རྣ་བར་འབྲུག་སྒྲ་ལྟར་དུ་འགྱུར་རྒྱུ་ཡིན་པ་བརྗོད་ཅི་དགོས། ཕུ་ཊིན་གྱིས་ཡུཀ་རེན་སྔ་མོ་ནས་ར་ཤི་ཡའི་མངའ་ཁོངས་ཡིན། ཡུཀ་རེན་བདག་དབང་ལྡན་པ་དང་རང་བཙན་རྒྱལ་ཁབ་ཅིག་མ་རེད་ཅེས་དམག་བརྒྱབ།།
ནུབ་ཆིངས་ཀྱི་ཚོགས་འདུའི་ཐོག་ཏུ་ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་ཡུ་རོབ་རྒྱལ་ཁབ་ཁག་གིས་ལེན་དགོས། ཡུཀ་རེན་ལ་ཞི་བདེ་སྲུང་དམག་གཏང་དགོས་ན་ཨ་མི་རི་ཀའི་དམག་དཔུང་གཏོང་རྒྱུ་མིན། ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེ་སྒྲུབ་ཐུབ་པ་ཞིག་མ་རེད། ༢༠༡༤་ལོར་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་མ་བྱས་གོང་དང་༢༠༢༢་ལོར་ར་ཤི་ཡས་བཙན་འཛུལ་མ་བྱས་གོང་གི་ས་མཚམས་དེར་ཕྱིར་ལོག་བྱས་ནས་དམག་འཁྲུག་མཇུག་བསྒྲིལ་དགོས་ཟེར་གྱི་ཡོད་པ་འགྲུབ་དཀའ། ཕུ་ཊིན་གྱིས་ཅི་ཞིག་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཡུ་རོབ་ཀྱིས་རང་གི་མངའ་ཁུལ་དང་ཡུཀ་རེན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ནི་ཡུ་རོབ་རྒྱལ་ཁབ་ཁག་ལ་ཐུག་ཡོད་པ་རེད། ཡུ་རོབ་རྒྱལ་ཁབ་ཁག་གིས་ངེས་པར་དུ་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༥་དམག་དོན་ལ་འགྲོ་གྲོན་གཏང་དགོས་ཞེས་ཡུ་རོབ་དང་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་མཐའ་གཅིག་ཏུ་ཨ་མི་རི་ཀར་བསྙེས་ནས་འདུག་ཐབས་མེད་པ་གསལ་བཀྲོལ་བྱས་འདུག
ཕྱི་ཟླ་༢་པའི་ཚེས་༡༣་ཉིན་ཝོལ་སི་ཊི་རི་ཊི་འཇར་ནལ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་བར་པ་བརྒྱུད་ནས་ཌོ་ནལ་ཊམ་གྱི་གཞུང་འབྲེལ་མི་སྣ་ཚོར་ཕུ་ཊིན་དང་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱ་དགོས། ཨ་རི་དང་ར་ཤི་ཡའི་ཆེས་མཐོའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ལ་རྒྱ་ནག་གིས་བར་འདུམ་དང་མགྲོན་བདག་བྱེད་ཆོག་ཅེས་གྲོས་གཞི་བཏོན་པར་མ་ཟད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གོ་ཅ་ཁུན་(Guo Jiakun)་གྱིས་ཨ་རི་དང་ར་ཤི་ཡས་གྲོས་མོལ་བྱེད་ཀྱི་ཡོད་པར་ང་ཚོ་ཧ་ཅང་དགའ་མོས་བྱུང་། ཨ་རི་དང་ར་ཤི་ཡ་གཉིས་ནི་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་རེད། རྒྱ་ནག་གིས་དུས་དང་རྣམ་པ་ཀུན་ཏུ་རྩོད་གཞི་ཐམས་ཅད་ཞི་བའི་གྲོས་མོལ་བྱས་ནས་སེལ་དགོས་པའི་ལངས་ཕྱོགས་བཟུང་ཡོད། རྒྱ་ནག་གིས་འཁྲུག་རྩོད་ཁག་ཞི་བའི་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བསྒྲགས།།
རྒྱ་ནག་དང་ར་ཤི་ཡ་གཉིས་འབྲེལ་བ་དམ་ཟབ་ཡོད་པས་གྲོས་གཞི་དེར་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་དོགས་ཟོན་བྱ་དགོས་པར་གྱུར། ལྷག་པར་དུ་རྒྱ་ནག་གིས་བཏོན་པའི་གྲོས་གཞིའི་ཁོངས་སུ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གྲོས་མོལ་ལ་མཉམ་ཞུགས་བྱ་དགོས་ཞེས་འཁོད་མེད་ཅིང་། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་གསར་འགྱུར་དེ་བདེན་པ་ཡིན་མིན་ངེས་གཏན་མ་བྱས་པ་དང་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་གྲོས་གཞི་དེ་དོན་འབྲས་སོན་རྒྱུ་ཡོད་པ་ཞིག་མ་རེད་ཅེས་བཀྲལ། ཝོལ་སི་ཊི་རི་ཊི་འཇར་ནལ་ཚགས་པར་ལ་གསར་འགྱུར་མཁོ་སྤྲོད་བྱེད་མཁན་དེས་ཞི་ཅིན་ཕིང་ལ་རྒྱ་ནག་དང་ར་ཤི་ཡའི་འབྲེལ་བར་གནོད་སྐྱོན་མ་ཕོག་པར་ཡུཀ་རེན་གྱི་དམག་འཁྲུག་མཇུག་བསྒྲིལ་དུ་འཇུག་འདོད་ཡོད་པ་རེད། རྒྱ་ནག་གིས་ར་ཤི་ཡར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་ཆེན་པོ་ཡོད་པར་དོ་འཕོག་མི་འབྱུང་བའི་གྲོས་གཞི་ཞིག་བཏོན་པ་རེད་ཅེས་བསྟན།།
ཌོ་ནལ་ཊམ་གྱིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་དང་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་གཉིས་ཀར་ཞི་བའི་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱེད་འདོད་འདུག་ཅེས་གླེང་། ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཕུ་ཊིན་དང་ཊམ་གཉིས་ཐུག་འཕྲད་བྱ་རྒྱུའི་གྲོས་མཐུན་བྱུང་བ་རེད། ཕུ་ཊིན་གྱིས་སྲིད་འཛིན་ཊམ་རྒྱལ་ས་མོ་སི་ཀོར་མགྲོན་འབོད་བྱས་པ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཌོ་ནལ་ཊམ་གྱིས་ཡུན་རིང་མི་འགོར་བར་སོ་ཌི་ཨ་རེ་བྷི་ཡའི་ས་ཐོག་ཏུ་ཕུ་ཊིན་ལ་ཐུག་འཕྲད་བྱེད་སྲིད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། སྔ་ལོ་རྒྱ་ནག་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གཉིས་ཀྱིས་བཏོན་པའི་ཞི་བའི་གྲོས་གཞིའི་ནང་དུ་ཡུཀ་རེན་དང་ར་ཤི་ཡ་གཉིས་ཀ་གྲོས་མོལ་ལ་མཉམ་ཞུགས་བྱ་དགོས་ཞེས་བཀོད། ཡུཀ་རེན་གྱི་ས་ཆ་བརྒྱ་༢༠་ཐམ་པ་ར་ཤི་ཡས་བཙན་ཕྲོགས་ཟིན་པ་དང་ད་དུང་ཡང་ས་ཆ་མང་ཙམ་སྤྲོད་དགོས། ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་མི་ཆོག་ཅེས་བཙན་བཀའ་ཕབ།།
ཡུཀ་རེན་གྱིས་ར་ཤི་ཡའི་དམག་དཔུང་ཕྱིར་འཐེན་བྱ་དགོས་པ་དང་ས་ཆ་ཕྲོགས་ཚར་བ་རྣམས་ཕྱིར་སློག་བྱ་དགོས། ཡུཀ་རེན་ནུབ་ཆིངས་ཁོངས་སུ་འཇུག་དགོས། ནུབ་ཆིངས་ཁོངས་སུ་མ་བཅུག་ན་ཨ་རིས་འགོ་ཁྲིད་པའི་ཞི་བདེ་སྲུང་དམག་བཞག་སྟེ་ར་ཤི་ཡས་བསྐྱར་དུ་བཙན་འཛུལ་བྱེད་མི་ཕོད་པའི་འགན་ལེན་བྱ་དགོས་ཞེས་ལངས་ཕྱོགས་མཁྲེགས་པོར་བཟུང་། དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེས་ཡུཀ་རེན་མེད་པར་ཞི་བའི་གྲོས་མོལ་ཡོང་ཐབས་མེད། ཡུཀ་རེན་གྲོས་མོལ་ནང་དུ་ཚུད་དགོས་ཟེར། འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཡུ་རོབ་ངེས་པར་དུ་གྲོས་མོལ་ལ་མཉམ་ཞུགས་བྱ་དགོས། ཡུ་རོབ་ཀྱིས་འགན་ཁུར་ལེན་དགོས་ན་གྲོས་མོལ་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་ཆོས་ཉིད་རེད། གྲོས་མོལ་གྱི་མཇུག་འབྲས་དེ་ཡུ་རོབ་པ་ཚོས་མྱོང་དགོས་ཀྱི་རེད་ཅེས་རྒྱུ་མཚན་བགྲངས། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཕྱོགས་གཉིས་ཀྱིས་གྲོས་མཐུན་གང་འདྲ་ཞིག་བཞག་ཀྱང་ཡུན་བརྟན་གྱི་ཞི་བདེ་ཞིག་བསྐྲུན་དགོས་ཞེས་འབོད་སྐུལ་ཞུས།།
ཕྱི་ཟླ་༢་པའི་ཚེས་༡༣་ཉིན་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཊམ་གྱིས་ཕུ་ཊིན་ལ་གྲོས་མོལ་བྱས་པའི་རྗེས་སུ་ཨ་རི་དང་ཡུ་རོབ་ཀྱི་འབྲེལ་བར་གཏན་དུ་འགལ་ཟླ་བྱུང་བ་རེད། ཊམ་གྱིས་འབྲེལ་བ་ཐམས་ཅད་དངུལ་སྒོར་གྱི་རིན་ཐང་ལ་གཞིགས་ནས་འཛིན་གྱི་འདུག ཨ་མི་རི་ཀ་འཛམ་གླིང་གི་དམག་འཁྲུག་ཆེན་པོ་གཉིས་ལ་ཞུགས་ནས་ཡུ་རོབ་རྒྱལ་ཁབ་ཁག་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་མ་ཚུད་པར་རང་དབང་དུ་གནས་ཐུབ་པ་དང་དམངས་གཙོའི་ལམ་ལུགས་སྲུང་སྐྱོབ་ཐུབ་པ་རེད། ད་ལྟ་ཊམ་གྱིས་ཨ་རིའི་རྩ་དོན་རྡོག་རོལ་ཏུ་གཏོང་གི་འདུག་ཅེས་དཔྱད་རྩོམ་སྤེལ། ཟླ་བ་སྔོན་མར་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཡུ་རོབ་གྲོས་ཚོགས་སུ་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏོང་བའམ། ཡང་ན་ར་ཤི་ཡའི་སྐད་ཡིག་སྦྱོངས། དེ་མིན་ན་ནེའུ་ཛི་ལན་ཌིར་སྤོས་ཞེས་དངོས་ཡོད་གནས་སྟངས་རྣམས་ར་སྤྲད། ད་ལྟ་ཧྥ་རན་སི་དང་འཇར་མན་ཎི། པོ་ལན་ཌི་དང་ཨི་ཊ་ལི། སི་པེན་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ཡུཀ་རེན་དང་ཡུ་རོབ་རྒྱལ་ཁབ་ཁག་གྲོས་མོལ་ལ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་གསལ་བསྒྲགས་སྤེལ་འདུག
གླེང་སྟེགས།