ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

བལ་ཡུལ་དུ་གསུམ་བཅུའི་དུས་དྲན་ཐེངས་༦༢་པ་སྲུང་བརྩི།


༄༅།། དེ་རིང་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་གྱི་བོད་པ་གནས་འཁོད་ས་གནས་ཁག་ཏུ་ཞོགས་པ་སྔ་མོ་ནས་བལ་ཡུལ་གཞུང་གིས་དམག་མི་འགྲེམ་འཇོག་བྱས་ཡོད་པས་བོད་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྟེ། གསུམ་བཅུའི་དུས་དྲན་ཐེངས་༦༢་པའི་ཉིན་དེར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་ཁག་སྤེལ་ཐུབ་མེད་ཀྱང་བོད་པ་བཙན་བྱོལ་བ་ཚོས་རང་ཁྱིམ་དུ་མཆོད་འབུལ་སྨོན་ལམ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བྱས་ནས་དུས་དྲན་སྲུང་བརྩི་ཞུས་འདུག

བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། དེ་རིང་གི་ཉིན་མོ་འདིར་འཛམ་གླིང་ཡོངས་སུ་བོད་པ་གནས་འཁོད་ས་གནས་ཁག་ཏུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༢་པར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོ་གནས་ཡུལ་རྒྱལ་ཁབ་འདིས་རྒྱ་ནག་གི་གནོན་ཤུགས་འོག་ཏུ་བོད་པ་བཙན་བྱོལ་བ་ཚོར་དམ་དྲག་ནན་པོ་བྱེད་བཞིན་པ་ཀུན་གྱིས་ཤེས་གསལ་རེད། འདས་བའི་ལོ་མང་རིང་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་ནས་དུས་དྲན་སྲུང་བརྩི་བྱ་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་བརྩིས་ནས་དམ་དྲག་དང་བཀག་འགོག་ནན་པོ་བྱེད་ཀྱི་ཡོད་པས་བོད་པའི་ལས་འགུལ་གྱི་རིགས་སྤེལ་བའི་ཆོག་མཆན་འཐོབ་ཀྱི་མེད་པ་རེད། ད་ལོ་ཡང་གནས་ཡུལ་རྒྱལ་ཁབ་གཞུང་གི་དཔོན་རིགས་ཚོས་ང་ཚོར་སྔར་བཞིན་ཆོག་མཆན་སྤྲད་མ་སོང་། ཉིན་ཤས་གོང་དུ་བདེ་དོན་ལས་ཁུངས་ཀྱིས་མང་ཚོགས་ལ་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ནས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མ་འགལ་བར་རང་ཁྱིམ་དུ་མཆོད་འབུལ་སྨོན་ལམ་ཚོགས་ནས་དུས་དྲན་སྲུང་བརྩི་ཞུ་དགོས་བའི་འབོད་སྐུལ་ཞུས་ཡོད་ཅེས་གསུངས་བྱུང་།།

གཞན་ཡང་བལ་ཡུལ་གྱི་སྤོག་ར་ས་གནས་སུ་དུས་དྲན་སྲུང་བརྩིའི་སྐོར་གློ་སྒྲིག་གཞིས་འགོ་བཀྲ་ཤིས་རྡོ་རྗེས་བརྗོད་དོན་ལྟར་ན། ད་ནངས་ཞོགས་པར་ཆུ་ཚོད་༨་པ་ནས་ས་གནས་མི་མང་དང་སློབ་གྲྭ་ཁག་གི་སློབ་ཕྲུག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ལས་སྣེ་རྣམས་མཉམ་འཛོམས་ཀྱིས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་གདན་འདྲེན་ཞུས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ནས་བཀའ་སྤྱི་གཉིས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་། བོད་དོན་ཆེད་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་དང་དུས་ཡུན་སྐར་མ་གཅིག་ལ་ངག་བཅད་མྱ་ངན། གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་དང་མར་མེ་སྟོང་མཆོད། ཕྱི་དྲོའི་ཆུ་ཚོད་༥་པའི་བར་དུ་སྨོན་ལམ་བཏོན་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།།

དེ་མིན་གློ་ཚེ་རོགས་རྣམ་རྒྱལ་གླིང་གཞིས་ཆགས་སུ་ས་གནས་གཞོན་ནུ་ཚོགས་པའི་སྣེ་ཁྲིད་འོག་མང་ཚོགས་འདུ་འཛོམ་གྱིས་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་བྱས་ནས་དུས་དྲན་སྲུང་བརྩི་ཞུས་ཤིང་། སྤོག་ར་བྱམས་པ་གླིང་དུ་མི་གྲངས་༤༠༠་མ་ཟིན་ཙམ་ཞིག་འདུ་འཛོམ་བྱས་ཏེ་གསུམ་བཅུའི་དྲན་གླུ་བླངས་པ་དང་མཆོད་འབུལ་སྨོན་ལམ། དགོང་མོ་མར་མེ་ཁྲོམ་སྐོར་སོགས་བྱས་ནས་དུས་དྲན་སྲུང་བརྩི་བྱས་ཡོད་འདུག དེ་དང་ཆབས་ཅིག་དེ་རིང་དུས་དྲན་གྱི་ཉིན་མོར་མཆོད་རྟེན་བྱ་རུང་ཁ་ཤོར་དང་མཆོད་འཇོར་ལས་ཁུངས། དོན་གཅོད་ཁང་དང་ཤེལ་དཀར་ཆོས་སྡེ་དགོན་པའི་རྒྱལ་སྒོ། འཕགས་པ་ཤིང་ཀུན་དང་འཇོ་ལ་ཁེལ་བཅས་སུ་བལ་ཡུལ་གཞུང་གིས་དམག་མི་བཀྲམ་ནས་བོད་པ་ཚོའི་འགྲོ་འདུག་ལ་ལྟ་རྟོག་ནན་པོ་བྱས་པར་མ་ཟད། བོད་པའི་ཟ་ཁང་དང་ཚོང་ཁང་། ཐང་ཁྲོམ་སྟོན་མཁན་བཅས་ཀྱིས་ཉིན་གཅིག་ལ་ཚོང་ལས་སྒོ་བརྒྱབ་ནས་མྱ་ངན་གྱི་རྣམ་པ་བསྟན་ཏེ་གསུམ་བཅུའི་དུས་དྲན་ཐེངས་༦༢་པ་སྲུང་བརྩི་ཞུས་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གནས་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG