ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

བསྟན་འཛིན་བཙོན་འགྲུས་ཀྱི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།


༄༅།། བོད་ལྕགས་གླང་གནམ་ལོ་གསར་ཚེས་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བར་དུ་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མཁན་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ཕྱི་ཟླ་༣་ཚེས་༩་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་བེད་འབྱོར་བྱུང་ཞིང་། ཁོང་ལ་མགོན་པའི་མདུན་ཐང་དུ་ས་གནས་མང་ཚོགས་ཀྱིས་ཕེབས་བསུ་དང་སྣེ་ལེན་གཟབ་རྒྱས་ཞུས་སོང་། བསྟན་འཛིན་བརྩོན་འགྲུས་ཀྱིས་ཐེངས་འདིའི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་མ་བཏང་མེད་པས་ལས་འགུལ་གྱི་དམིགས་ཡུལ་གྲུབ་མེད། ལྷག་པར་དུ་དམིགས་ཡལ་འདི་འགྲུབ་པར་མི་དམངས་མཉམ་ཞུགས་ཀྱི་ལས་འགུལ་མུ་མཐུད་དུ་སྤེལ་དགོས་ཞེས་ནན་བརྗོད་གནང་སོང་།།

བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱི་ལས་འགུལ་སྐབས་སུ་གཙོ་བོ་རྒྱ་གར་མང་ཚོགས་ལ་རྒྱ་དཀར་ནག་གི་འབྲེལ་བ་དང་བོད་དོན་རྣམས་གསལ་བཀྲོལ། རྒྱ་གར་ལ་བདེ་འཇགས་ཡོང་བར་བོད་དོན་སེལ་ཐབས་བྱ་རྒྱུ་གལ་གནད་ཆེ་བར་མ་ཟད། ལྷག་པར་དུ་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ཁས་ལེན་དང་རྩ་འཛིན་བྱེད་བཞིན་པར་འགྱུར་བ་གཏོང་དགོས་པའི་འབོད་འགུལ་ཞུས། ལས་འགུལ་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་ཏུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ཀྱིས་གཏམ་བཤད་གནང་སྟེ་བསྟན་འཛིན་བརྩོན་འགྲུས་ཀྱིས་རང་འགུལ་ཐོག་ཏུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་དང་འཐབ་རྩོད་ཀྱི་འགན་ཁུར་བླངས་པར་བསྔགས་བརྗོད་ཞུས་ཤིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེངས་འདིའི་གོམ་བགྲོད་ལས་འགུལ་འགོ་འཛུགས་སྐབས་ནས་ཕྱོགས་གང་ཐད་དུ་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་གང་ཐུབ་བྱས་འདུག ལས་འགུལ་འདི་བརྒྱུད་ནས་བོད་པ་ཚོར་སེམས་སྐུལ་ཆེན་པོ་ཞིག་ཐེབས་པ་དང་རྒྱ་ནག་གཞུང་ལའང་བརྡ་ལན་གསལ་པོ་ཞིག་འཕྲོད་ཡོད་ཅེས་གསུང་བཤད་གནང་སོང་།།

བསྟན་འཛིན་བརྩོན་འགྲུས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལིའི་བར་དུ་རྒྱང་ཐག་སྤྱི་ལེ་༥༣༠་ལྷག་གོམ་བགྲོད་བྱས་པའི་རིང་དུ་སློབ་ཕྲུག་འཇམ་དབྱངས་དང་སིམ་ལའི་དྭང་ཞབས་པ་འཆི་མེད་རྟ་མགྲིན་གཉིས་ཀྱང་གོམ་བགྲོད་དེར་མཉམ་ཞུགས་དང་རྒྱབ་སྐྱོར་བྱས་འདུག ཐེངས་འདིའི་གོམ་བགྲོད་ལས་འགུལ་གྱི་ཞོར་དུ་རྒྱ་གར་གྱི་སྲིད་བློན་མོ་དྷིའི་མཚན་ཐོག་ཏུ་འབུལ་རྒྱུའི་སྙན་ཞུ་ཞིག་ལ་མིང་རྟགས་བསྡུ་རུབ་བྱས་པར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་སོགས་ཀྱིས་སྐྱོར་ཆེན་པོ་གནང་འདུག་ཅིང་། ཕྱི་ཟླ་༣་པའི་ཚེས་༡༠་སྟེ། བོད་མིའི་རང་དབང་སྒེར་ལངས་ཉིན་མིང་རྟགས་བསྡུ་རུབ་བྱས་པ་རྣམས་རྒྱ་གར་སྲིད་བློན་འབུལ་རྒྱུ་ཡིན་པའི་སྐོར། ལྡི་ལིའི་བོད་སྒར་བསམ་ཡས་གླིང་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG