མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་མི་ལོ་ ༧༨ འཁོར་བའི་དུས་ཆེན་ནམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ་དང་བསྟུན་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ཡིག་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ནང་ནས་དམིགས་བསལ་བརྒྱུད་རིམ་གྱི་འགྱུར་དེབ་ཅིག་ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་ལྟེ་གནས་ཁང་གི་དཔེ་མཛོད་དུ་དབུ་འབྱེད་གནང་ཡོད་པ་དང་། དམིགས་བསལ་བརྒྱུད་རིམ་དེའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུགས་བྱ་ཕྱོགས་དང་། བརྒྱུད་རིམ་འདི་བཞིན་བོད་པའི་འཐབ་རྩོད་དང་འབྲེལ་བ་ཇི་ཆགས་སྐོར་ལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་གསུངས་དོན། སྤྱིར་གནད་དོན་དུ་མ་ཞིག་གིས་རྐྱེན་པས་བོད་པ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐབ་འགན་སྲུང་བྱེད་ཐབས་ཀྱི་བརྒྱུད་རིམ་ཆ་ཚང་བ་ཞིག་བེད་སྤྱོད་གཏོང་ཐབས་མེད་རུང་། གོང་སྨྲོས་ཀྱི་དམིགས་བསལ་བརྒྱུད་རིམ་དེ་ནི་རྒྱུན་དུ་བརྒྱུད་དགོས་པའི་ཐབས་ལམ་དེ་ཆགས་ཡོད་པ་དང་། དམིགས་བསལ་བརྒྱུད་རིམ་དེ་ལ་དམིགས་བསལ་གྱི་ཆ་རྐྱེན་མི་དགོས་པ་སྤྱི་སྒེར་སུས་ཀྱང་བརྒྱུད་ཆོག་པའི་ལམ་ཀ་ཞིག་ཡིན་པ་བརྗོང་གནང་སོང་ལ། དེ་བཞིན་བོད་ནང་ཛ་དྲག་གནས་ཚུལ་ནམ་བྱུང་ལ་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་གྱིས་དམིགས་བསལ་བརྒྱུད་རིམ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་ཡི་ཡོད་པ་སོགས་གསུངས་གནང་སོང་།
གཞི་རྩའི་དམིགས་བསལ་བརྒྱུད་རིམ་མམ་ Special Procedure ཞེས་པ་དེ་ཡང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་རྟོག་ཞིབ་བྱ་རྒྱུའི་ལས་འགན་སྒྲུབ་ཆེད་དུ་དང་བླངས་ཀྱིས་འོས་མིར་ལངས་རྗེས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་འདེམས་སྒྲུག་བྱས་པའི་ཆེད་མཁས་མི་སྣ། དམིགས་བསལ་སྙན་སྒྲོན་པ་དང་། རང་དབང་ལྡན་པའི་ཆེད་མཁས་མི་སྣ། རང་དབང་ལྡན་པའི་ཆེད་མཁས་མི་སྣ་ཁ་ཤས་ལས་གྲུབ་པའི་ལས་དོན་ཚན་ཁག་བཅས་ལ་གོ་ཡི་ཡོད་པ་དང་། དེ་དག་གི་ལས་འགན་གཙོ་བོ་ཡང་རྒྱལ་ཁབ་སོ་སོའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཆེད་ལས་རང་བཞིན་གྱིས་རྟོག་ཞིབ་བྱས་མཐར་ཐོབ་ཐང་སྲུང་སྐྱོབ་ཡོང་ཐབས་སུ་འབྲེལ་ཡོད་སྡེ་ཁག་ལ་བླང་དོར་གྱི་སྐུལ་འདེབས་བྱེད་ཀྱི་ཡོད་ཅིང་། བོད་མི་རྣམས་ལ་མཚོན་ནའང་ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིངས་ཆའི་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་གླེང་སློང་བྱ་སའི་བརྒྱུད་ལམ་ཡག་ཤོས་དེ་ཆགས་ཡོད་པས། བརྒྱུད་རིམ་འདི་སྔར་ལྷག་བེད་སྤྱོད་ཐུབ་ཐབས་སུ་བོད་མི་འཐབ་རྩོད་པ་སྤྱི་སྒེར་གཉིས་ཀར་བརྒྱུད་ལམ་འདིའི་ཕྱོགས་ལ་དུས་ཐོག་ཏུ་དགོས་ངེས་ཀྱི་གོ་རྟོགས་ཡོད་པ་དགོས་གལ་དུ་མཐོང་ནས་འགྱུར་དེབ་འདི་བཏོན་པ་ཡིན་ཡང་གསུངས་གནང་སོང་། །