ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

གྲོས་མོལ་བྱེད་རྒྱུའི་དུས་ལ་བབ་ཡོད་པའི་བརྡ་ལན།


རྒྱ་ནག་གཞུང་གི་ཉེན་བརྡ་དང་སྐྱོན་བརྗོད་བྱས་པ་ལ་མ་བརྟེན་པར་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་རྗེས། རྒྱ་ནག་གཞུང་གིས་སྐྱོན་བརྗོད་སྣ་ཚོགས་པ་བྱེད་བཞིན་པ་དེ་ཚོ་གསར་བ་མིན་ཡང་། འདི་ནི་རྒྱ་ནག་གཞུང་ལ་ད་ནི་བོད་རྒྱ་གྲོས་མོལ་བྱེད་དགོས་པའི་དུས་ལ་བབ་པའི་བརྡ་ལན་ཞིག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་སོང་།

སྤྱི་ཟླ་༦་ཚེས་༡༢་ཉིན་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཏེ་ད་ནི་སྲིད་འཛིན་བྷ་ཌན་གྱི་མཚན་རྟགས་བཀོད་རྒྱུ་ལས་ལྷག་མེད་པའི་གནས་ཚུལ་ཕྱི་ལ་ཐོན་པའི་རྗེས་ཏག་ཏག་འདིར་ཚེས་༡༨་དང་༡༩་ཉིན་གཉིས་རིང་ལ་ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་པ་ཞིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་དང་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་བཞུགས་གནས་རྡ་རམ་ས་ལར་ཆེད་ཕེབས་གནང་ཞིང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སུ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཁང་དང་བོད་ཀྱི་འགྲེམས་སྟོན་ཁང་། བོད་ཀྱི་ཟློས་གར་ཚོགས་པ་སོགས་སུ་གཟིགས་སྐོར་གནང་བ་དང་། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཕོ་བྲང་དུ་མཇལ་ཁ་ཞུས་ཏེ་བཀའ་མོལ་གནང་བ། བོད་མིའི་སྒྲིག་འཛུགས་ཀྱིས་སྐུ་ཚབ་ཚོར་ཕེབས་བསུའི་མཛད་སྒོ་འཚོགས་པ། བོད་གཞུང་མང་གཉིས་ཀྱིས་དགའ་བསུའི་ཕེབས་བསུ་གནང་བ་སོགས་ལ་བོད་མི་གཙོས་ཕྱི་ནང་མི་རིགས་དང་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་བཅས་ནས་དོ་སྣང་ཆེན་པོ་བྱུང་ཡོད་མོད།

དེའི་བར་ན་རོ་ཌར་གསར་ཁང་གི་གསར་འགོད་པས་སྐུ་ཚབ་ཚོགས་པ་བཞུགས་སྒར་དུ་ཕེབས་པ་དང་ཨ་རིའི་གྲོས་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཡོད་པ་སོགས་ཀྱི་སྐོར་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ཏུ་སྐད་ཆ་དྲིས་སྐབས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལེན་ཅན་གྱིས་ཨ་རིས་ཏཱ་ལའི་ཁ་བྲལ་རུ་ཁག་གི་རང་གཤིས་ངོས་ཟིན་དགོས་ཚུལ་དང་། ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཆོས་བཤད་དེ་ཆབ་སྲིད་སྒྲུབ་མཁན་ཞིན་ཡིན་ཚུལ། ཏཱ་ལའི་ཁ་བྲལ་རུ་ཚོགས་དང་ངན་འབྲེལ་བྱེད་ན་མཇུག་འབྲས་ལེགས་པོ་མེད་ཚུལ། ལྷག་པར་དུ་ཨ་རིའི་ཕྱོགས་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་ལ་རྩ་འཛིན་བྱེད་དེ་ཁྲིམས་འཆར་ལ་མཚན་རྟགས་བཀོད་མི་ཆོག་ཚུལ་སོགས་བརྗོད་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་

ཨ་རིའི་རླུང་འཕྲིན་ཁང་གིས་རྒྱ་ནག་གི་སྐྱོན་བརྗོད་འདིའི་ཐད་ལ་བོད་མིའི་སྒྲིག་འཛུགས་ལ་བརྡ་ལན་ཅི་ཡོད་བཀའ་འདྲི་ཞུས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུང་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་ལས་འཆར་ཅི་རིགས་ཐོག་ལ་དུས་རྟག་ཏུ་སྡུག་ར་དང་སྐྱོན་བརྗོད་བྱེད་བཞིན་པ་ལས། ཐེངས་འདིར་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་བྱེད་བཞིན་པ་ཡང་མ་འདྲ་བ་ཅི་ཡང་མིན་པར། ཨ་རིའི་ཆེས་མཐོའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་སུ་ཕེབས་པ་འདི་ནི་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བཏོན་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཚད་མཐོ་རག་པ་དེ་ལས། ཨ་རིའི་གཞུང་མང་གཉིས་ཀྱིས་བོད་དོན་ལ་མུ་མཐུད་དུ་གཡོ་བ་མེད་པའི་རྒྱབ་སྐྱོར་བརྟན་པོ་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་རེད།

བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གི་ངོས་ནས་འགོག་བྱ་བྱས་པ་དེ་ཡིས་ཕན་ཐོགས་མེད། འགོག་བྱ་བྱེད་རྒྱུ་ལས་ལྷག་རྒྱ་ནག་གིས་སོ་སོ་རང་ཉིད་ལ་བསྐྱར་ཞིབ་ཀྱིས་བོད་ལ་བཙན་འཛུལ་བྱེད་པ་ནས་བོད་དུ་སྲིད་ཇུས་གང་འདྲ་བཟུང་བ། བོད་མིར་ཕན་པའི་སྲིད་ཇུས་ག་རེ་སྤེལ་ཡོད་མེད་སོགས་ལ་ཕྱིར་མིག་ཅིག་ལྟས་པ་ཡིན་ན་དེ་ནས་གསལ་བོ་ཞིག་རྟོགས་ཐུབ་ཀི་རེད། རྒྱ་ནག་གིས་འགོག་བྱ་བྱེད་པ་ལས་བོད་དུ་ཡར་རྒྱས་གཏོང་དགོས་པ་དང་བོད་མི་ཚོར་རང་དབང་སྤྲོད་དགོས་པ། ཐོབ་ཐང་སྤྲོད་དགོས་པ་སོགས་ལ་ལྟ་དགོས། དེ་ཚོ་སྤྲོད་རྒྱུའི་ཆེད་དུ་གྲོས་མོལ་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད། དེ་སྔ་ཡིན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དམ་བཅའ་བརྟན་པོ་ཡིན་ལ། ད་ལྟ་ཡང་བརྟན་པོ་ཡིན། གྲོས་མོལ་དེ་ཡིན་ཡང་གཉིས་སྨན་དབུ་མའི་ལམ་ནས་གནང་དགོས། ཐེངས་འདིའི་སྐུ་ཚབ་ཚོགས་པ་རྣམ་པ་ཆེད་ཕེབས་གནང་བའི་རྒྱུད་རིམ་འདིའི་ཐོག་ནས། བོད་དོན་དང་འབྲེལ་བའི་དཀའ་རྙོག་ད་དུང་ཡང་སེལ་མེད་ཅེས་དང་། དཀའ་ངལ་འདི་སེལ་བར་གཙོ་བོ་བོད་མིའི་མངོན་འདོད་སྒྲུབ་དགོས་པ། ། དེའི་ཆེད་དུ་ད་ནི་གྲོས་མོལ་གནང་རྒྱུའི་དུས་ཚོད་ལ་སླེབས་འདུག་པའི་བརྡ་ལན་སྤྲོད་བཞིན་ཡོད་ཅེས་གསུང་བྱུང་།

ཨ་རིའི་རླུང་འཕྲིན་ཁང་གིས་ཐེངས་འདིའི་སྐུ་ཚོགས་ཚོགས་པའི་སྣེ་ཁྲིད་མཁན་གཙོ་མཱེ་ཁལ་མེག་ཀོལ་ Photo / Tenzin Phende / CTA
ཨ་རིའི་རླུང་འཕྲིན་ཁང་གིས་ཐེངས་འདིའི་སྐུ་ཚོགས་ཚོགས་པའི་སྣེ་ཁྲིད་མཁན་གཙོ་མཱེ་ཁལ་མེག་ཀོལ་ Photo / Tenzin Phende / CTA

དེ་ཡང་ཨ་རིའི་རླུང་འཕྲིན་ཁང་གིས་ཐེངས་འདིའི་སྐུ་ཚོགས་ཚོགས་པའི་སྣེ་ཁྲིད་མཁན་མཱེ་ཁལ་མེག་ཀོལ་ཡིས་ཡི་གཏམ་བཤད་ལས། “རྒྱ་ནག་དམར་ཤོག་གཞུང་གིས་ང་ཚོའི་སྐུ་ཚབ་ཚོགས་པར་གཟའ་འཁོར་འདིར་ཡི་གེ་འབྱོར་ནས་འདིར་མི་ཡོང་བའི་ཉེན་བརྡ་བཏང་བྱུང་། དུས་རབས་བཅུ་གསུམ་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་པའི་ཁོ་ཚོའི་བདེན་པ་མིན་པའི་ལོག་འགྲེལ་གྱི་སྐད་ཆ་བསྐྱར་བཤད་བྱེད་བཞིན་འདུག ཡིན་ན་ཡང་རྒྱ་ནག་དམར་ཤོག་གཞུང་ལ་ང་ཚོ་དེ་རིང་འདིར་ཡོང་མིན་ལ་འགོག་རྐྱེན་བཟོ་རུ་བཅུག་མེད། ༧གོང་ས་ཏཱ་ལའི་བླ་མས་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་མཁྱེན་གྱིན་ཡོད་ལ། བོད་མི་མང་གིས་ཀྱང་དེ་བདེན་པ་མིན་པ་ཤེས་ཀྱིན་ཡོད། དེ་བཞིན་ཨ་མེ་རི་ཀས་ཀྱང་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པ་ཤེས་ཀྱིན་ཡོད། བོད་མི་ཚོར་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གཞུང་། ལོ་རྒྱུས་ཀྱི་ངོ་བོ་ཞིག་ཡོད་ལ། བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་རྒྱུ་དང་རང་གི་མདུན་ལམ་རང་གིས་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ང་ཚོ་དེ་རིང་འདིར་འབྱོར་ཡོད་ལ། ང་ཚོས་ཁོ་ཚོའི་ཉེན་བརྡ་ལ་ཡ་མེད་གཏོང་དོན་ཡང་དེ་ཡིན།” ཞེས་ལུང་འདྲེན་གྱིས་གཏམ་བཤད་དུམ་བུ་འདིའི་ལྕི་ཁོག་དང་མཚོན་དོན་ཐད་ནས་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ལ་བཀའ་འདྲི་ཞུས་སྐབས། སྐད་ཆ་དེ་གནད་འགག་ཆེན་པོ་དང་ལྷག་པར་དུ་བཀའ་མོལ་དེ་གནང་མཁན་ནི་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་བའི་མི་སྣ་གནད་འགག་ཅན་ཞིག་ཡིན་པས། གོང་གི་གཏམ་བཤད་དུམ་བུ་དེ་གནད་འགག་ཆེན་པོ་ཡིན་པའི་འགྲེལ་བརྗོད་གནང་སོང་། ཡང་ཁོང་གིས། སྐུ་ངོ་སྲིད་སྐྱོང་མཆོག་གིས་ཀྱང་དེ་སྔ་ནས་གསུང་བསྡད་ཡོད། བོད་རྒྱའི་དཀའ་རྙོག་དེ་ལོ་ངོ་༦༠་ད་༧༠་ལྷག་ལ་གནས་བསྡད་པ་དང་ད་ལྟ་ད་དུང་བོད་ནང་གི་གནས་སྟངས་ཛ་དྲག་ངང་ཡོད་པས། བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་གཉིས་སྨན་དབུ་མའི་ལམ་དུ་འགྲོ་བཞིན་ཡོད། གཉིས་སྨན་དབུ་མའི་ལམ་ནས་འགྲོ་སྐབས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པ་དེ་ཤེས་དགོས་པ་གལ་ཆེན་པོ་ཆགས་ཡོད། ཅེས་གསུང་བྱུང་།

གཞན་ཡང་བསྟན་འཛིན་ལེགས་བཤད་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་བགྲོ་གླེང་དུ་གསུང་དོན་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནི་ཨ་མེ་རི་ཀས་རྒྱལ་ཁབ་གཞན་པར་སྲིད་ཇུས་གང་འདྲ་འཛིན་མིན་ལ་ཐག་གཅོད་དང་སྟངས་འཛིན་བྱེད་མཁན་གྲོས་ཚོགས་ཀྱི་ཚོགས་ཆུང་གལ་ཆེན་པོ་ཞིག་ཡིན་པ་ལས། ཐེངས་འདིར་ཚོགས་ཆུང་འདིས་སྣེ་ཁྲིད་པའི་སྲིད་དོན་ཚོགས་པ་གཉིས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་པ་ཞིག་ཡོངས་གྲགས་ངང་རྒྱལ་ས་ཝ་ཤིན་ཀྲོན་ནས་བཞུགས་སྒར་རྡ་རམ་ས་ལའི་བར་དུ་ཕེབས་པ་ནི་དུས་ཚོད་དང་གནས་སྟངས་གང་གི་ཆ་ནས་བལྟས་ན་ཡང་ཨ་མེ་རི་ཀས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ཐད་ནས་འཛམ་གླིང་ཧྲིལ་བོར་བརྡ་ལན་གསལ་བོ་དང་དོན་སྙིང་ཅན་ཞིག་ཏུ་ངོས་འཛིན་ཞུ་ཆོག་གི་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཐེངས་འདིའི་ཆེས་མཐོའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིགཙོ་མཱེ་ཁལ་མེག་ཀོལ་(Michael McCaul) ཡིས་བོད་དེ་ད་ལྟ་རྒྱ་ནག་གིས་བཙན་འཛུལ་བྱེད་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་མིན་པ་སོགས་གསུང་ཡོད་པའི་སྐོར་ལ་ཡང་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བརྗོད་ན། བོད་དེ་རྒྱ་ཁོངས་མིན་པ་རྒྱ་ནག་ཁོ་རང་ཚོས་གསལ་བོ་ཤེས་ཀྱིན་ཡོད་ལ། གནད་འགག་འདི་ཤེས་པའི་ཐོག་ནས་མ་འོངས་པའི་གནས་སྟངས་ལ་༧གོང་ས་མཆོག་གིས་བཀའ་གནང་བ་གཞིར་བཟུང་དང་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་འདི་གཉིས་སྨན་ཆགས་ཡོད་པས། རྒྱ་ནག་གཞུང་གིས་ཀྱང་འདི་ཤེས་དགོས་པ་གལ་ཆེན་པོ་དང་མཉམ་དུ་ད་ནི་རྒྱ་ནག་ཡིན་ཡང་གྲོས་མོལ་བྱེད་རྒྱུའི་དུས་ལ་བབ་ཡོད་ཅེས་ཀྱང་གསུང་བྱུང་།

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཱེ་ཁལ་མེག་ཀོལ་བ་(Michael McCaul) ་ཡིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་པ་འདིའི་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པེ་ལོ་སི་དང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གཙོ་གྲས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གྷེརིག་གྷོ་རི་མཱིག་སི་ (Gregory Meeks)

ཨ་རིའི་གྲོས་ཚོགས་ཀྱི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་མི་གཙོ་གྲས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་(Jim McGovern) ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཡན་ལག་རྒྱ་གར་རྒྱ་མཚོའི་མངའ་ཁོངས་ལས་དོན་ཚོགས་ཆུང་གི་ཚོགས་མི་གཙོ་གྲས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཨ་མེ་བྷི་ར་(Ami Bera )གཞན་ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མཱ་རི་ཡ་ནེ་ཌི་མཱིག་སི་( Mariannette Miller-Meeks) དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ནི་ཁོ་ལི་མཱ་ལའོ་ཌ་ཁི་(Nicole Malliotakis) བཅས་རེད་འདུག

གླེང་སྟེགས།

XS
SM
MD
LG