བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་དེ་རིང་ཕྱི་ཟླ་༦ པའི་ཚེས་༡༩ ཉིན་མོར་མགོན་པོ་གང་ཉིད་མཆོག་གི་ཕོ་བྲང་དུ་མཇལ་འཕྲད་བྱུང་ཡོད་པར། སྐབས་དེར་༧གོང་ས་ཆེན་པོ་མཆོག་གིས་བཀའ་གནང་གསལ་དུ། ང་ཞོགས་པ་ཡར་ལངས་པ་ནས་སྟོན་པའི་བསླབ་པ་དང་བྱང་ཆུབ་སེམས་སྒོམ་གྱི་ཡོད་ལ། ངས་དུས་ནམ་ཞག་རྒྱུན་དུ་འཛམ་བུ་གླིང་ནང་མི་ཚང་མ་གཅིག་པ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་ཚང་མ་མི་ཡིན་པ་གཅིག་པ་ཡིན་ལ། ཐོབ་ཐང་ཡང་ཚང་མར་འདྲ་མཉམ་ཡོད་དགོས། དེ་བཞིན་འཛམ་བུ་གླིང་གི་སྤྱི་ཚོགས་འདི་མི་རིགས་སྣ་མང་འདུས་པ་ལས་གྲུབ་པ་ཤིག་ཡིན་ལ། ཆོས་ལུགས་དང་རིག་གཞུང་ཇི་ཡིན་ལ་མི་ལྟོས་པར། མི་རིགས་ཚང་མས་འཛམ་བུ་གླིང་འདིར་གཅེས་སྐྱོང་བྱེད་དགོས་ཀྱི་ཡོད་པ་རེད། དེ་ག་ནང་བཞིན་འཛམ་བུ་གླིང་གི་མི་རིགས་ཚང་མར་ཞི་བདེ་ལྡན་པ་དང་སྐྱིད་པོའི་ངང་འཚོ་གནས་ཐུབ་པ་ཡོང་བར་ངས་རེ་བ་བྱེད་ཀྱི་ཡོད།
དེ་བཞིན་མཇལ་ཁ་གྲུབ་པའི་རྗེས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་རྡ་རམ་ས་ལར་ཆེད་དུ་ཕེབས་པར་དགའ་བསུའི་མཚམས་འདྲིའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་གནང་ཡོད་པ་དང་། མཛད་སྒོའི་སྐབས་སུ་སྲིད་སྐྱོང་མཆོག་གིས། ང་ཚོའི་དབུ་མའི་ལམ་གྱི་སྐོར་ཤོད་སྐབས་མཐའ་གཉིས་ཀར་ངོས་འཛིན་གནང་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟའི་ཆར་བོད་འདི་རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པ་མཐའ་གཅིག་རེད། གཞན་བོད་འདི་ལོ་རྒྱུས་ཐོག་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་དེ་མཐའ་གཅིག་རེད། མཐའ་དེ་གཉིས་ངོས་འཛིན་བྱེད་དགོས་པ་རེད། དེ་བཞིན་ད་རེས་བོད་རྒྱའི་རྩོད་རྙོག་སེལ་བའི་ཁྲིམས་འཆར་འདི་ཡིས་བོད་ཀྱི་ས་ཆ་དང་བོད་མི་ཚོའི་རང་ཐག་རང་གཅོད་ཀྱི་རང་དབང་གཅིག་པོ་མ་ཡིན་པར། ལྷག་པར་དུ་རྒྱ་ནག་གིས་༧གོང་ས་མཆོག་དང་བོད་ཀྱི་རྒྱལ་རབས་སོགས་ལ་ལོག་འགྲེལ་བྱེད་བཞིན་པར་ཨ་རིའི་གཞུང་ནས་ལང་ཕྱོགས་དང་ངོས་འཛིན་ཇི་ཡོད་གསལ་པོར་བསྟན་ཡོད། དེ་ག་ནང་བཞིན་ཁྲིམས་འཆར་འདི་ཁྲིམས་ལ་གཏན་འབེབས་ཆགས་པའི་རྗེས་ང་ཚོར་རྒྱལ་ཁབ་གཞན་ཁག་ལ་ཞུ་གཏུག་བྱེད་པར་གོམ་སྟབས་གལ་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད། མ་ཟད་ཁྲིམས་འཆར་འདི་ལ་བརྟེན་ནས་མ་འོངས་བོད་རྒྱའི་གྲོས་མོལ་ཡོང་སླད་ལ་ཕན་ཐོགས་ངེས་ཅན་འགྲུབ་ཐུབ་པ་ངས་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་གནང་སོང་།
དེའི་རྗེས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ད་རེས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཡོངས་ལ་དྲན་རྟེན་གྱི་ཕྱག་རྟགས་སུ་སྐུ་ཐང་རེ་དང་བོད་འདི་ལོ་རྒྱུས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་མཚོན་ཆེད། བོད་ཀྱི་དངུལ་ཊམ་རེ་འཕུལ་གནང་བ་དང་ཆབས་ཅིག སྐུ་ཚབ་ཚོགས་ཆུང་ཡོངས་ནས་རྒྱ་ནག་གཞུང་གི་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པ་དེར་ཨ་རིའི་གཞུང་ནས་བོད་ལ་རྒྱབ་སྐྱོར་མཚོན་ཆེད་ཀྱི་གསུངས་བཤད་གནང་སོང།
གཞི་རྩའི་ཟླ་བ་མང་པོའི་རིང་སྐུ་ལས་བསྐྱོན་ཏེ། ད་རེས་ཚོགས་ཆུང་འདི་བཞུགས་སྒར་ལ་གདན་འདྲེན་ཞུ་ཐུབ་པ་བྱུང་བར་སྲིད་སྐྱོང་མཆོག་གིས་དགའ་བསུ་ཞུས་སོང་། དེ་བཞིན་ད་རེས་ཀྱི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་ལ་ཕེབས་བཅར་གནང་བ་དེར། ཁ་སང་ཕྱི་ཚེས་༡༨ ཉིན་མོར། རྒྱ་ནག་གཞུང་གི་ཕྱི་སྲིིད་ལས་ཁུངས་ཀྱི་མགྲིན་ཚབ་པས་སྐྱོན་བརྗོད་བྱས་འདུག་ལ། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་བཙན་བྱོལ་ནང་ཡོད་པའི་ཏཱ་ལའི་བླ་མས་དབུ་ཁྲིད་པའི་ཁ་བྲལ་ཚོགས་པ་དང་འབྲེལ་བ་མཚམས་འཇོག་དགོས་པ་དང་། དེ་བཞིན་བོད་རྒྱའི་རྩོད་རྙོག་སེལ་བའི་ཁྲིམས་འཆར་ལ་མཚན་རྟགས་མི་རྒྱག་པའི་རེ་སྐུལ་ཡང་བྱས་ཡོད་འདུག
དེའི་ཁ་གཏད་ལ་དེ་རིང་ལྕམ་སྐུ་ནན་སི་ཕི་ལོ་སི་མཆོག་གིས། ང་ཚོ་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུ་བྱུང་བ་དེ་ཧ་ཅང་བསོད་ནམས་ཆེན་པོ་ཡིན་བསམ་གྱི་ཡོད། ཁོང་གི་དགོངས་གཞི་ལ་བརྟེན་ནས་ཡུན་རིང་པོར་བོད་དོན་ཁྲིམས་འཆར་འདིའི་ཐོག་དཀའ་ལས་བརྒྱབ་པའི་མཐར་གཏན་འབེབས་བྱེད་ཐུབ་པ་བྱུང་ཡོད། ཁྲིམས་འཆར་འདིས་རྒྱ་ནག་གཞུང་ལ་བརྡ་ལན་དེ་ང་ཚོ་ཨ་རི་གཞུང་གིས་བོད་ཀྱི་རང་དབང་ཆེད་དུ་སྲིད་བྱུས་དེ་གསལ་པོ་ཆགས་ཡོད། ད་ཆ་འགྱུར་བ་ཆེན་པོ་ཕྱིན་ཡོད། དེ་རྩིས་གྲ་སྒྲིག་བྱེད་དགོས། ད་དུང་རྒྱ་ནག་གཞུང་གིས་ཤེས་དགོས་པ་ཞིག་ལ་༧རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་ཡོན་ཏན་དང། འཚེ་མེད་ཞི་བ། བྱམས་སྙིང་རྗེ། གཞན་ཕན་གཙོ་ཆེའི་དགོངས་གཞི་དེས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བརྟན་གྱི་རེད་ལ། ཁོང་གི་མཛད་རྗེས་དེ་ཡང་འཛམ་གླིང་འདིའི་ནང་མུ་མཐུད་ནས་གནས་ཀྱི་རེད། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཁྱེད་རང་ཡང་འགྱུར་བ་འགྲོ་གྱི་རེད། ཁྱེད་རང་གི་འཛམ་གླིང་སྤྱི་ལ་ཕན་པའི་བྱས་རྗེས་གཅིག་ཀྱང་མེད་པར་སོང་སུས་ཀྱང་དྲན་གསོ་བྱེད་ཀྱི་མ་རེད། བོད་མིའི་ཡིད་ཆེས་དང་རེ་བ། གཞན་ཕན་གྱི་བསམ་བློའི་འཁྱེར་སོ་བཅས་ལ་བརྟེན་ནས་བོད་དོན་བདེན་མཐའ་མགྱོགས་མྱུར་སེལ་བའི་ཡིད་ཆེས་ཡོད། ཅེས་གསུངས་གནང་སོང་། བཞུགས་སྒར་རྡ་རམ་ས་ལ་ནས་གསར་འགོད་པ་བསྟན་འཛིན་འོད་ལྡན་ནས།
གླེང་སྟེགས།