ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣

རྒྱ་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་དམ་དྲག་བྱེད་བཞིན་པའི་སྐོར་དཔྱད་ཞིབ།


རྒྱ་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་པ།
རྒྱ་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་པ།

དེང་སང་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་དང་། གཞུང་གི་ལས་བྱེད། གཞུང་འབྲེལ་ཁེ་ལས་ཁག་གི་མཐོ་རིམ་འགོ་ཁྲིད་ཚོ་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུར་དམ་དྲག་ནན་མོ་བྱེད་དེ་སྒེར་གྱི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དབྱེ་ཞིབ་པ་ཚོས་བརྗོད་དོན་ལ། ཞི་ཅིན་ཕིང་གི་དབང་སྒྱུར་འོག་རྒྱ་ནག་ནི་མའོ་ཙེ་ཏུང་དུས་སྐབས་ཀྱི་ཕྱི་བཀག་ནང་སྡོམ་གྱི་རྒྱལ་སྒོ་བརྒྱབ་པའི་ལམ་རྙིང་པར་བསྐྱར་ལོག་བྱེད་བཞིན་པ་དང་། ཞི་ཅིན་ཕིང་གིས་གནམ་བསྒྲགས་ས་བསྒྲགས་བྱེད་བཞིན་པའི་ཡིད་ཆེས་བཞི་ཞེས་པ་དེར་དོན་དངོས་སུ་གདེང་ཚོད་དང་སྤོབས་པ་རྩ་བ་ཉིད་ནས་མེད་པ་གསལ་པོ་མཚོན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨུ་རུ་སུ་དམར་པོའི་བྱེད་སྲོལ་ལྟར། ནང་གི་བཀག་སྡོམ་ལས་ཕྱིའི་ཤུགས་རྐྱེན་འགོག་རྒྱུ་གལ་ཆེ་བར་བརྩི་བཞིན་ཡོད་སྟབས། ཉེ་ལམ་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ནི་རྒྱ་ནག་གཞུང་གི་ནང་སྡོམ་གྱི་ཐབས་བྱུས་ཤིག་ཡིན་པ་རེད།

༢༠༡༥ ལོར་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཕྱི་སྐྱོད་ལག་ཁྱེར་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱིས་བོད་མི་ཚོར་ཕྱི་སྐྱོད་ལག་ཁྱེར་སྤྲོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་འདུག ༢༠༡༢ ལོའི་ཟླ་ ༤ ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་ཞེས་པས་བོད་མིའི་ཕྱི་སྐྱོད་ལམ་ཡིག་བཀག་སྡོམ་ཐད་ཀྱི་ཡིག་ཆ་ཞིག་འགྲེམས་སྤེལ་གྱིས་བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་མི་ཚང་མའི་འགྲོ་སྐྱོད་རང་དབང་ལ་རྡོག་རོལ་བཏང་ཡོད་པ་རེད། དེང་སང་བོད་མི་ཚོར་ལག་ཁྱེར་དམ་དྲག་བྱས་དང་བྱེད་མུས་ཡིན་པའི་སྲིད་ཇུས་དེ་རིམ་བཞིན་རྒྱ་ནག་གི་རྒྱལ་ཡོངས་སུ་རྒྱ་བསྐྱེད་གཏོང་བཞིན་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་ཞི་ཅིན་ཕིང་།
རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་ཞི་ཅིན་ཕིང་།

མ་དངུལ་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་དུ། ན་ནིང་ལོ་ནས་བཟུང་སྟེ་རྒྱ་ནག་གི་ཤེས་ཡོན་སློབ་གསོའི་སྡེ་ཚན་འགའ་ཞིག་གིས། ཕྱི་རྒྱལ་དུ་ཕྱིན་རྗེས་ཕྱི་རྒྱལ་གྱི་དགྲ་ཁ་གཏད་ཀྱི་སྟོབས་ཤུགས་ཁག་དང་ངན་པ་ལག་འབྲེལ་བྱེད་མི་ཆོག་པ་གསལ་བསྒྲགས་བྱས་འདུག རྒྱ་ནག་གི་དབང་འཛིན་པ་ཚོས་དུས་རྟག་ཏུ་སློབ་ཕྲུག་ཚོར་ཀླད་བཀྲུས་སློབ་གསོ་སྤེལ་ནས་རྒྱ་ནག་གཞུང་ལ་བློ་སེམས་དཀར་རྒྱུ་དེ་གལ་གནད་ཅིག་ཏུ་བརྩི་བཞིན་པ་དང་། དགེ་རྒན་དང་ཤེས་ཡོན་པ་ཚོ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕྱིན་རྗེས་བསམ་བློ་ལ་འགྱུར་བ་ཕྱིན་ནས་རྒྱ་ནག་གཞུང་དང་རྒྱབ་འགལ་གྱི་ལས་དོན་སྤེལ་སྲིད་པའི་ཐད་ལ་སྔོན་འགོག་བྱེད་དགོས་འཁེལ་གྱི་ཡོད་པ་རེད།

རྒྱ་གཞུང་གིས་སོ་སོས་གཏན་འབེབས་བྱས་པའི་ཁྲིམས་དང་འགལ་ཡོད་པ

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཚོ་རྒྱལ་ཁབ་ཕྱི་ནང་དུ་འགྲུལ་བསྐྱོད་དོ་དམ་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་དྲུག་པ་ཞེས་པའི་ནང་གསལ་ལྟར་ན། ཉེན་རྟོག་ལས་ཁུངས་དང་ཕྱི་སྐྱོད་ལག་ཁྱེར་སྤྲོད་མཁན་གྱི་ལས་ཁུངས་ལ་ཁྲིམས་ལུགས་ལྟར་ལག་ཁྱེར་ཕྱིར་བསྡུ་བྱེད་པའི་དབང་ཆ་ཡོད་པར་མ་ཟད། མི་དམངས་ཁྲིམས་ཞིབ་ཁང་དང་མི་དམངས་ཁྲིམས་ཁང་ཞེས་པ་ལ་ཁྲིམས་མཐུན་ངང་ཕྱི་སྐྱོད་ལག་ཁྱེར་བཟུང་འཛིན་བྱེད་པའི་དབང་ཆ་ཡོད་པ་ལས། གཞན་གཞུང་གི་ལས་ཁུངས་དང་། མི་སྡེ་ཚོགས་པ། ཁེ་ལས། ལས་རིགས་སྡེ་ཚན། ཡང་ན་གང་ཟག་སུ་ཞིག་གིས་ཀྱང་ཕྱི་སྐྱོད་ལག་ཁྱེར་བཟུང་འཛིན་བྱེད་མི་ཆོག་ཅེས་གསལ་པོ་བཀོད་ཡོད་པ་རེད། དེ་བས་སློབ་གྲྭ་དང་ལས་རིགས་ལས་ཁུངས་ཀྱིས་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་པ་དེ་ནི་དོན་དངོས་སུ་རྒྱ་ནག་གིས་སོ་སོའི་ཁྲིམས་དང་འགལ་ཡོད་པ་རེད།

ཕྱི་ཕྱོགས་སུ་གནས་སྤོ་བྱེད་མཁན་དང་བྲོས་བྱོལ་བ་ཚོ་འགོག་ཐབས

དགེ་རྒན་ལིའི་བསམ་ཚུལ་ལྟར་ན། རྒྱ་གཞུང་གིས་དགེ་རྒན་རྣམས་ཀྱི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་དགོས་དོན་ནི། དགེ་རྒན་ཚོས་དབྱར་དགུན་གྱི་གུང་སེང་སྐབས་སོ་སོའི་བུ་ཕྲུག་ཁྲིད་དེ་ནུབ་ཕྱོགས་རྒྱལ་ཁབ་ཏུ་ལྟ་སྐོར་དུ་འགྲོ་བ་དང་། ཡང་ན་བུ་ཕྲུག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་མིང་ཐོག་ནས་ཕྱི་རྒྱལ་གྱི་ཁོར་ཡུག་ལ་ལྟ་ཞིབ་བྱེད་པའི་མཐའ་མའི་དམིགས་ཡུལ་ནི་གནས་སྤོ་བྱེད་རྒྱུ་དང་ཕྱི་རྒྱལ་དུ་གཏན་སྡོད་བྱེད་རྒྱུ་དེ་ཡིན་སྲིད་པའི་ཐད་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་གཞན་ཞིག་ནི་དགེ་རྒན་དང་གཞུང་གི་ལས་བྱེད་ཚོས་ཕྱི་རྒྱལ་དུ་ཕྱིན་ནས་རྒྱ་ནག་ནང་གི་གནས་ཚུལ་ཕྱིར་གཏོང་བྱ་རྒྱུར་དོགས་ཟོན་བྱེད་ཀྱི་ཡོད་པ་རེད།

རྒྱ་གཞུང་གིས་རང་འགུལ་ངང་རྒྱལ་སྒོ་རྒྱག་བཞིན་པ

ཐེ་ཝན་གྱི་ཆབ་སྲིད་རིག་པའི་སློབ་དཔོན་ཧོང་ཅིན་ཧྥུའུ་ཡིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་དུ། རྒྱ་གཞུང་གིས་སློབ་གྲྭ་ཁག་དང་གཞུང་གི་ལས་བྱེད། དེ་བཞིན་གཞུང་འབྲེལ་ཀྱི་ལས་ཁུངས་ཁག་དང་དངུལ་ཁང་གི་འཛིན་སྐྱོང་དཔོན་རིགས་སོགས་ཀྱི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་པ་དེ་ནི་རྒྱལ་སྒོ་རྒྱག་པའི་བྱེད་སྟངས་ཤིག་ཡིན་ཞིང་། དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་རྒྱབ་ལྗོངས་འོག རྒྱ་ནག་གཞུང་གིས་རང་འགུལ་ངང་རྒྱལ་སྒོ་རྒྱག་པའི་བྱེད་སྟངས་དེ་ནི་འོས་འཚམས་ཤིག་དང་དགོས་ངེས་ཤིག་ཏུ་མཐོང་སྟེ། རྒྱ་ནག་ནང་ཁུལ་དུ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཤུགས་ཆེ་རུ་གཏོང་ཞོར་ཕྱིའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཁག་དང་འབྲེལ་བ་གཅོད་ཐབས་བྱེད་བཞིན་པ་རེད། དེ་ལྟར་བྱས་ན་རྒྱ་ནག་གི་གསང་བ་ཕྱིར་གྱར་བ་དང་མི་འཇོན་ཐང་ཅན་ཚོ་ཕྱིར་ཤོར་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཐེབས་པ་བཅས་འགོག་ཐུབ་རྒྱུར་ཡིད་ཆེས་སྐྱེ་བཞིན་པ་དང་ཆབས་ཅིག གཙོ་བོ་རྒྱ་ནག་ནང་ལོགས་ཀྱི་མ་དངུལ་ཕྱི་ཕྱོགས་སུ་ཤོར་བར་སྔོན་འགོག་བྱེད་བཞིན་ཡོད་པ་རེད།

ནང་སྡོམ་ནི་ཕྱི་འགོག་ལས་ཀྱང་གལ་ཆེ་བར་མཐོང་བ།

ཧོང་ཅིན་ཧྥུའུ་ཡིས་མུ་མཐུད་ནས་བརྗོད་དོན་ལ། ད་ལྟའི་རྒྱ་ནག་ནི་མའོ་ཙེ་ཏུང་སྐབས་ཀྱི་རྒྱལ་སྒོ་བརྒྱབ་པའི་ཕྱི་བཀག་ནང་སྡོམ་ཞེས་པའི་ལམ་རྙིང་པར་ལྟག་ལོག་བརྒྱབ་བཞིན་ཡོད་ཅིང་། རྒྱུ་མཚན་གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་སྒྲོག་བཞིན་པའི་ཡིད་ཆེས་བཞི་ཞེས་པ་དེར་དོན་དམ་ལ་གདེང་ཚོད་གཏན་ནས་མེད་པ་དང་། ནང་ཁུལ་གྱི་འགལ་ཟླ་སྣ་ཚོགས་ཚབས་ཆེ་རུ་ཕྱིན་ནས་འབ་སུ་མ་འདུས་པར་ནང་འཐོར་ཡོང་བར་འཇིགས་སྣང་སྐྱེ་བཞིན་པ་རེད། དེར་བརྟེན་དམར་ཤོག་ཨུ་རུ་སུའི་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ། ནང་ཁུལ་དམ་དྲག་བཀག་སྡོམ་བྱ་རྒྱུ་དེ་ཕྱིའི་ཤུགས་རྐྱེན་འགོག་རྒྱུ་ལས་ཀྱང་གལ་ཆེར་བརྩི་བཞིན་པས་ན། ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་པ་དེ་ནི་དོན་དམ་ལ་རྒྱ་གཞུང་གི་ནང་སྡོམ་གྱི་ཐབས་བྱུས་གཅིག་ཏུ་གྱུར་འདུག

དེ་བཞིན་ཨ་མེ་རི་ཀར་གནས་སྡོད་བྱེད་མཁན་བརྒྱུད་ལམ་དབྱེ་ཞིབ་པ་ཝང་ཅན་གྱིས་བརྗོད་དོན་བྱས་ན། རྒྱ་ནག་གཞུང་ལ་སོ་སོའི་མི་སེར་ཚོའི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་པའི་སྲོལ་རྒྱུན་ཡུན་རིང་ཡོད་པ་དང་། དྲན་གསོ་ལྟར་ན་ཧུའུ་ཅིན་ཐའོ་ཡི་དུས་སྐབས་ནས་འགོ་བཙུགས་པ་ཞིག་རེད། སྐབས་དེར་གཙོ་བོ་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་གཞུང་འབྲེལ་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་པ་རེད། རྗེས་སུ་ཞི་ཅིན་ཕིང་གིས་དབང་ཆ་བཟུང་རྗེས་ལས་རིགས་ཁག་ཚང་མའི་ནང་ལ་ཕྱི་སྐྱོད་ལག་ཁྱེར་བསྡུ་ལེན་བྱེད་འགོ་ཚུགས་ཡོད་པ་རེད།

རྒྱ་གཞུང་གིས་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་པ།
རྒྱ་གཞུང་གིས་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་བཞིན་པ།

རྒྱ་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་པའི་རིམ་པ་གསུམ

ཝང་ཅན་གྱིས་བསྟན་དོན་དུ། རྒྱ་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་པར་རིམ་པ་གསུམ་ཡོད་དེ། དང་པོ་ནི་གནད་འགག་ཆེ་བའི་ལས་གནས་ཀྱི་མི་སྣར་དམིགས་འབེན་བྱས་པ་རེད། ཁོ་ཚོས་ལྐོག་ཟ་རུལ་སུངས་དང་འབྲེལ་ཡོད་དཔོན་རིགས་རྣམས་ཕྱི་ཕྱོགས་སུ་བྲོས་བྱོལ་བྱེད་པའི་གནད་དོན་ལ་སེམས་འཚབ་སྐྱེས་ནས་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་པ་རེད། གཉིས་པ་ནི་དགོས་མཁོ་ངེས་ཅན་ཞིག་གི་འོག་ཏུ་གཞུང་གི་ལས་བྱེད་དང་། གཞུང་འབྲེལ་གྱི་ཁེ་ལས་སྡེ་ཚན། ལས་རིགས་སྡེ་ཚན་གྱི་ལས་བྱེད་ཀྱི་ཕྱི་སྐྱོད་ལག་ཁྱེར་ཧ་ཅང་མང་པོ་ཕྱིར་བསྡུ་བྱས་པ་རེད། བར་ལམ་མི་སྡེ་དེའི་ཁོངས་སུ་ཕྱི་རྒྱལ་དུ་ལྟ་སྐོར་འགྲོ་མཁན་ཉུང་དུ་བཏང་སྟེ་ཕྱི་རྒྱལ་གྱི་དངུལ་ལོ་བེད་སྤྱོད་གཏོང་མཁན་ཡང་ཉུང་དུ་ཕྱིན་ཡོད་པ་རེད། རིམ་པ་གསུམ་པ་ནི་ཕྱི་སྐྱོད་ལག་ཁྱེར་ཕྱིར་བསྡུ་བྱེད་པའི་ཁྱབ་ཁོངས་རིམ་བཞིན་མི་སེར་དཀྱུས་མ་ཚོའི་ནང་རྒྱ་བསྐྱེད་བཏང་ནས་ཕྱི་སྐྱོད་ལག་ཁྱེར་ཡོད་མཁན་གྱི་མི་གྲངས་ཉུང་དུ་གཏོང་བཞིན་པ་རེད།

འོན་ཀྱང་ཝང་ཅན་གྱི་བསམ་ཚུལ་ལྟར་ན། རྒྱ་ནག་ནི་ཕྱི་ཕྱོགས་སུ་ཁ་ཕྱོགས་པའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན་པ་དང་། རྒྱུ་ཆ་མང་ཆེ་བ་ནང་འདྲེན་བྱེད་དགོས་པ་དང་། རྒྱ་ནག་གི་ཁེ་ལས་དང་ཚོང་པ་མང་པོས་རང་དབང་ལུང་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བརྒྱུད་ནས་དངོས་ཟོག་ཕྱིར་འཚོང་བྱེད་དགོས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་བཅོས་བསྒྱུར་སྒོ་འབྱེད་རྗེས་ལ་ད་ཆ་རྒྱལ་སྒོ་ཡོངས་སུ་བརྒྱབ་ཐུབ་རྒྱུ་ཁག་པོ་རེད་འདུག

བྱེད་བབ་དེས་རྒྱ་ནག་རང་ཉིད་ལ་གྱོང་གུད་ཕོག་རྒྱུ

ཧོང་ཅིན་ཧྥུའུ་ཡིས་བརྗོད་དོན་བྱས་ན། ད་ལྟ་རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་ལ་དམ་དྲག་ནན་མོ་བྱས་པའི་རྐྱེན་གྱིས། རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་མཉམ་ཞུགས་བྱེད་པ་དང་རྒྱ་ནག་གི་གཏམ་རྒྱུད་བཟང་པོ་སྒྲོག་སའི་གོ་སྐབས་ཤིག་ཤོར་བ་རེད། དོན་དམ་པར་རྒྱ་གཞུང་གི་བྱེད་སྟངས་དེས་ནང་ཁུལ་དཀའ་ངལ་མང་པོ་ཞིག་སེལ་མི་ཐུབ་པའི་ཁར། ནང་ཁུལ་འཐོར་ཞིག་འགྲོ་བའི་བརྒྱུད་རིམ་དེ་ཇེ་མགྱོགས་སུ་གཏོང་བཞིན་པ་རེད། ཉེ་བའི་ལོ་ངོ་བཅུ་གྲངས་འགའ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་ཕྱིན་ཐུབ་ཡོད་པ་དེ་ཡང་མཐར་གཏུགས་ན་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཤིག་རེད། སྲིད་ཇུས་དེས་རྒྱ་ནག་དམར་ཤོག་གཞུང་དེ་སྐྱོབ་ཐུབ་ཡོད་པ་རེད། དེར་བརྟེན། གལ་ཏེ་ད་ལྟ་རྒྱ་ནག་གིས་ཡང་བསྐྱར་མའོ་ཙེ་ཏུང་སྐབས་ཀྱི་ལམ་རྙིང་པར་རྒྱབ་བཤིག་བརྒྱབ་པ་ཡིན་ན། ནང་ཁུལ་གྱི་འགལ་ཟླ་ཇེ་ཆེར་ཕྱིན་ཏེ་མཐའ་མཇུག་རྒྱ་ནག་དམར་ཤོག་གཞུང་གི་སྲིད་དབང་དེ་རྩ་མེད་དུ་འགྲོ་བའི་ལམ་ལ་འཁྲིད་རྒྱུ་ཉག་ཅིག་རེད་དོ།།

གླེང་སྟེགས།

XS
SM
MD
LG