ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ས་རཱ་མཐོ་སློབ་ཏུ་མི་༧༨་ལ་ནད་དུག་འགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༦་པའི་ཚེས་༢༤་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བསྒྲགས་སྐབས་སུ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་གསལ་བསྒྲགས་གནང་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་གི་ནང་དུ་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་༡༣༣་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་ཤིང་། བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་འཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་དགེ་སློབ་༢༡༥་ཡོད་པ་དེའི་ཁོངས་ནས་མི་༧༨་ལ་ནད་དུག་འགོས་འདུག

གསར་འགོད་པ་ས་རཱ་སློབ་གཉེར་ཁང་གི་འགན་འཛིན་པ་སངས་ཚེ་རིང་ལ་ཁ་པར་བརྒྱུད་ནས་བཅར་འདྲི་ཞུས། ཁོང་གིས་ནད་པ་ཚོར་སྨན་བཅོས་དང་དགོས་ངེས་ཀྱི་མཐུན་རྐྱེན་འཛོམས་པོ་ཡོད་ཀྱང་ནད་པའི་གྲངས་འབོར་མང་བ་དང་དེ་དག་གི་ཟུངས་ཤུགས་གསོ་བར་འཚོ་བའི་མཐུན་རྐྱེན་སོགས་ལ་ཕྱི་ལོགས་ནས་རོགས་སྐྱོར་གནང་མཁན་ཡོད་ན་དགའ་བསུ་ཡོད། སྨན་པ་དང་སྨན་ཞབས་པ་བཅས་ཀྱི་མཐུན་རྐྱེན་ཅི་ཡོད་དྲིས་པར་ས་ཪཱ་མཐོ་སློབ་ཏུ་ཨ་རི་དང་རྒྱ་གར་ནང་ཁུལ་གྱི་དང་བླངས་སྨན་ཞབས་པ་གཉིས་ཀྱིས་ཕྱག་ལས་གནང་འགོ་འཛུགས་འདུག འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་སྐལ་བཟང་གིས་རེས་གཟའ་ཟླ་བ་ནས་ཨ་རིའི་ས་ཁུལ་ཁག་ཅིག་ནས་ཕེབས་པའི་སྨན་ཞབས་པ་༧་དང་རྒྱ་གར་ནང་ཁུལ་གྱི་དང་བླངས་སྨན་ཞབས་པ་༥་བཅས་སྨན་ཞབས་པ་༡༢་ཡོད་པ་དེ་དག་གིས་གནས་སྐབས་སུ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་དང་སྒྲིག་འཛུགས་སོགས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ས་ཁག་ཏུ་དང་བླངས་ཞབས་ཞུ་སྒྲུབ་རྒྱུ་དང་རྒྱ་གར་གྱི་བོད་པའི་སྨན་ཞབས་པ་ཚོར་ཏོག་དབྱིབས་ནད་དུག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་གཏན་ཁེལ་ཡོད་ཅེས་བཀྲལ།།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་ནད་རླབས་གསུམ་པ་ཞིག་འཕྱུར་རྒྱུའི་ཉེན་ཁ་ཡོད་པར་སྔོན་འགོག་བྱ་ཐབས་གཙོ་བོ་ནི་འགོག་ཁབ་རྒྱག་རྒྱུ་དེ་ཡིན་ཞེས་ལམ་སྟོན་གནང་གི་ཡོད་པར་མ་ཟད། བོད་པ་བཙན་བྱོལ་བ་བརྒྱ་ཆ་༤༠་ལྷག་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཡོད་ཅིང་། བོད་པ་བཙན་བྱོལ་བ་བརྒྱ་ཆ་༢༠་ལྷག་ལ་སྨན་ཐུན་གཉིས་ཀའི་འགོག་ཁབ་ཐོབ། ད་ལྟའི་བར་དུ་རྒྱ་གར་དང་བལ་ཡུལ་གཉིས་སུ་ཁྱོན་བསྡོམས་བོད་པ་༥༠༨༤་ལ་ནད་དུག་འགོས་པ་དང་མི་༡༣༡་ལ་འཆི་སྐྱོན། དེང་སྐབས་སྨན་བཅོས་བྱེད་བཞིན་པ་༤༢༣་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG