ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྩོམ་པ་པོ་དྷི་ལྷ་ལྡན་འཛིན་བཟུང་བྱས་ནས་ལོ་གཉིས་སོང་།


༄༅།། བོད་ནང་གི་རྩོམ་པ་པོ་དྷི་ལྷ་ལྡན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ལོ་གཉིས་ལྷག་འདས་ཀྱང་གང་དུ་ཡོད་མེད་རྩད་གཅོད་མི་ཐུབ་པ་དང་བཟའ་མི་སོགས་ལ་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་དྷི་ལྷ་ལྡན་ལ་འབྲེལ་འདྲིས་ཡོད་པའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། རྩོམ་པ་པོ་དྷི་ལྷ་ལྡན་འཛིན་བཟུང་བྱས་པའི་གཞུག་ཏུ་བཟའ་མི་ཚོར་རྒྱ་གཞུང་གིས་གནོན་ཤུགས་་ཆེན་པོ་སྤྲོད་བཞིན་ཡོད་པས་གནས་ཚུལ་འདིར་ཁ་བརྡ་བྱ་རྒྱུར་དཀའ་ངལ་ཆེ་རུང་མྱུར་ཏུ་བདེ་ཐང་ངང་གློད་གྲོལ་འཐོབ་རྒྱུའི་རེ་བ་ཆེན་པོ་འཆང་གི་འདུག དྷི་ལྷ་ལྡན་གྱི་བཟའ་མི་དང་ཉེ་འབྲེལ། མཆེད་གྲོགས་ཚོས་རིམ་གྲོ་གང་ཐུབ་བསྒྲུབས་པ་ཡིན། ཁོང་འཛིན་བཟུང་རྗེས་སུ་གནས་སྟངས་ཅི་ཡིན་གསལ་ཆ་མེད་པར་གྱུར་པ་ནི་དངོས་ཡོད་གནས་ཚུལ་རེད་ཅེས་བཤད་ཡོད་པར་མ་ཟད། དྷི་ལྷ་ལྡན་ནི་སྔོན་ཆད་གསེར་རྟ་བླ་རུང་སྒར་དུ་མཁན་པོ་བྱས་ནས་བཞུགས་མྱོང་ཡོད་པས་སློབ་མ་ཡང་ཞིང་། ཁོང་གི་སློབ་མ་ཚོས་རང་རང་གི་སྒེར་འཕྲིན་ངོས་སུ་སྙན་ངག་གི་ལམ་ནས་རྩོམ་པ་པོ་དོན་མེད་འཛིན་བཟུང་བྱུང་བར་གདུང་སེམས་དང་མྱུར་དུ་གློད་གྲོལ་ཐོབ་སྟེ་དགེ་སློབ་མཉམ་འཛོམ་གྱི་རེ་ལྟོས་འཆང་གི་ཡོད་པ་གསལ་འདུག


རྡ་རམ་ས་ལའི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་གྱིས་བོད་ནང་གི་བོད་པ་རྩོམ་པ་པོ་ཡོངས་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཀྱི་འདུག་ཅེས་བཤད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོར་བོད་ནང་གི་རྩོམ་པ་པོ་དྷི་ལྷ་ལྡན་རྒྱ་ནག་གཞུང་གིས་༢༠༡༩་ལོའི་ཕྱི་ཟླ་༦་པར་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེན་ཏུའུ་གྲོང་ཁྱེར་དུ་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་ཤིང་། ཁོང་འཛིན་བཟུང་བྱས་དོན་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འཆད་ཁྲིད་བྱས་པ་ཁྲིམས་འགལ་རེད་ཅེས་མི་ཞིག་གིས་རྒྱ་གཞུང་ལ་རྩིས་སྤྲོད་དང་ཞུ་གཏུག་བྱས་ནས་འཛིན་བཟུང་བྱས་པར་མ་ཟད། ༢༠༢༠་ལོའི་ཟླ་༡༢་ཚེས་༢༤་ཉིན་རྒྱ་གཞུང་གིས་དྷི་ལྷ་ལྡན་གྱི་བཟའ་མི་ཚོར་བརྡ་བཏང་སྟེ་གནད་དོན་དེ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་མོད། འོན་ཀྱང་བཟའ་མི་ཚོར་དངོས་སུ་ཐུག་འཕྲད་བྱེད་དུ་མ་བཅུག བཟའ་མི་ཚོ་ཟ་མ་དང་གྱོན་ཆས་སྐྱེལ་དུ་སོང་ཡང་སྤྲོད་དུ་འཇུག་གི་མེད་པ་དང་རྒྱ་ནག་གཞུང་གིས་དྷི་ལྷ་ལྡན་ཆ་རྐྱེན་མེད་པར་གློད་གྲོལ་གཏོང་དགོས་ཞེས་བཀོད།།

རྩོམ་པ་པོ་དྷི་ལྷ་ལྡན་གྱིས་སྔ་ཕྱི་གཉིས་སུ་ཚེ་སྲོག་ལས་སྐྲུན་པའི་སྐད་ཆ་དང་བསྟུན་རྒོལ་ཁྲིམས་གཏུགས་ཀྱི་བརྩམས་ཆོས་རྣམས་བྲིས། བོད་ཀྱི་རྒྱལ་རབས་ལོ་རྒྱས་འཆད་ཁྲིད་བྱས་པ་བཅས་ཀྱིས་བོད་པ་མང་དག་ཅིག་ལ་ཤུགས་རྐྱེན་ཐེབས། རྒྱ་ནག་གཞུང་གིས་བོད་པ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དང་ལྷམ་ཀོག ཚ་བ་མདའ་སྨྱུག་སོགས་འཛིན་བཟུང་བྱས་ཀྱང་གནས་ཚུལ་དེ་རྣམས་ཕྱི་གསལ་ནང་གསལ་གྱིས་གསལ་བསྒྲགས་སྤེལ་གྱི་མེད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG