ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཨ་རིའི་གསང་བའི་ལས་ཁུངས་དང་བོད་པའི་བཙན་རྒོལ་གློག་བརྙན།


ཁྲུང་ཁྲུང་དཀར་མོ་གློག་བརྙན་བཟོ་སྐྲུན་ཁང་དང་། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་འདི་ཚེས་༡༣ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་༡༩༥༧ ནས་སྤྱི་ལོ་༡༩༧༤ བར་གྱི་བོད་མིའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་ལ་ཐེངས་འདིའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དམིགས་བསལ་སྐུ་མགྲོན་རི་ཏུ་ས་རིན་ལགས་གཙོས་པས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བོད་མི་རྒན་རབས་པ་ཚོས་རྒྱ་ནག་གཞུང་གིས་དྲག་རྒོལ་ལ་གདོང་ལེན་ཇི་ལྟར་བྱས་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ཡིག་ཚགས་ཐོག་སྐུ་ལས་བསྐྱོན་མཁན་གྱི་མི་རབས་རྒན་པ་རྣམས་ལ་བཀའ་དྲིན་རྗེས་དྲན་བྱ་འོས་པ་ཞིག་ཡིན་པའི་སྐོར་གསུངས་པ་རེད།

ཡང་དེ་དང་ཕྱོགས་མཚུངས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་འདི་ལོ་རྒྱུས་ཀྱི་འགྲེམས་སྟོན་ཙམ་མིན་པར་བོད་ཀྱི་འཐབ་རྩོད་སོགས་ཀྱི་ངོ་བོ་མཚོན་པའི་འགྲེམས་སྟོན་ཁང་ཞིག་ཡིན་པ་གསུང་གནང་བ་དང་འབྲེལ་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་བོད་པའི་སྤྱི་ཚོགས་དང་ལྷག་པར་དུ་བོད་མི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་གནད་དོན་ལ་དོ་སྣང་ཡོང་རྒྱུའི་ཆེད་དུ་ད་རེས་ཀྱི་འགྲེམས་སྟོན་གོ་སྒྲིག་གནང་ཡོད་པ་གསུང་གནང་བྱུང་།

དེ་བཞིན་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ཀྱིས་ད་རེས་ཀྱི་འགྲེམས་སྟོན་དེ་བཞིན་འདི་ཚེས་༡༣ ནས་འགོ་འཛུགས་ཀྱི་ཟླ་བ་གཉིས་དང་ཕྱེད་ཀ་ལྷག་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གནང་རྒྱུ་ཡིན་པ་དང་། དེའི་རྗེས་སྤྱི་ཟླ་༣ པའི་ནང་འཇར་མན་གྱི་འགྲེམས་སྟོན་ཞིག་གི་ནང་འགྲེམས་སྟོན་གནང་རྒྱུ་ཡིན་པ། དེ་བཞིན་མ་འོངས་པ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམས་སྟོན་བྱེད་རྒྱུ་སོགས་འབད་བརྩོན་གནང་རྒྱུ་ཡིན་པ་གསུང་གནང་བ་དང་འབྲེལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་བསྟན་འཛིན་བསོད་ནམས་ལགས་ཀྱི་ཕ་དམ་པ་ལྷ་མོ་ཚེ་རིང་ལགས་ཀྱི་ལོ་རྒྱུས་བརྒྱུད་གློ་སྒྲིག་འཛུགས་སོགས་ཇི་ལྟར་ཆགས་ཡོད་མེད་དང་། ཅ་དངོས་སོགས་ཀྱི་ལམ་ནས་འགྲེམས་སྟོན་ཞུས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞི་རྩའི་སྤྱི་ལོ་༡༩༩༠ལོའི་མགོ་སྟོད་དུ་གློག་བརྙན་བཟོ་ལས་པ་རི་ཏུ་ས་རིན་ལགས་དང་བསྟན་འཛིན་བསོད་ནམས་ལགས་གཉིས་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་འདིའི་སྐོར་དངོས་བྱུང་གློག་བརྙན་ཞིག་བཟོ་རྒྱུའི་ཆེད་ཞིབ་འཇུག་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། དེའི་འདུན་པ་ཡང་བསྟན་འཛིན་བསོད་ནམས་ལགས་ཀྱི་ཕ་དམ་པ་ལྷ་མོ་ཚེ་རིང་གི་ལོ་རྒྱུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། དམ་པ་ཁོང་ནི་བཙན་རྒོལ་རྒྱལ་སྐྱོབ་ལས་འགུལ་གྱི་སྣེ་འཁྲིད་གནང་མཁན་དང་། ཨ་རིའི་གསང་བའི་ལས་ཁང་དང་བོད་མིའི་དབར་གྱི་འབྲེལ་མཐུད་མི་སྣ་གཙོ་བོ་དེ་ཡང་ཡིན་པ་རེད་འདུག

XS
SM
MD
LG