ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༡/༢༡

རང་དབང་ཐོབ་པའི་བོད་ཀྱི་སྐུ་གསུང་ཐུགས་རྟེན།


ཇོ་བོའི་སྐུ་སྟོད་པེ་ཅིན་དུ་རྙེད་པ།
ཇོ་བོའི་སྐུ་སྟོད་པེ་ཅིན་དུ་རྙེད་པ།

བོད་ཀྱི་སྐུ་གསུང་ཐུགས་རྟེན་གྱི་དངོས་རྫས་མང་ཤོས་གྲས་ཡིན་པ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་རུ་སྦིན་ཧི་མ་ལ་ཡའི་སྒྱུ་རྩལ་འགྲེམས་སྟོན་ཁང་སྒོ་བརྒྱབ་པ་དེར་བོད་ཀྱི་རིག་གཞུང་ལ་དུང་བ་ཟབ་པ་མང་པོས་བློ་ཕམ་ཆེན་པོ་བྱེད་བཞིན་ཡོད་མོད། ཡིན་ན་ཡང་དོན་དངོས་སུ་བློ་ཕམ་སྐྱེས་དགོས་དོན་མེད་ཅིང་བཙན་འཛུལ་འོག་ཕྱི་ལ་ཐར་བའི་རིག་དངོས་དེ་དག་ལ་ཡང་རང་དབང་ཐོབ་པ་ལྟར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲེམས་སྟོན་རྒྱ་ཆེ་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེན་པོ་ཡིན་འདུག

ལོ་ངོ་ཉི་ཤུའི་རྗེས་སུ་རུ་སྦིན་འགྲེམས་སྟོན་ཁང་སྒོ་བརྒྱབ་ཟིན་པ་དེ་བོད་ཀྱི་རིག་དངོས་དང་སྒྱུ་རྩལ་གྱི་གྱོང་གུན་ཞིག་ལ་བརྩི་མཁན་ཡོད་པ་འདིའི་ཐད་ལ། རུ་སྦིན་འགྲེམས་སྟོན་གྱི་ཧི་མ་ལ་ཡའི་རིག་གཞུང་དང་སྒྱུ་རྩལ་ཆེད་ལས་པ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་བརྗོད་ན་རུ་སྦིན་འགྲེམས་སྟོན་ཁང་གིས་དེ་ལྟར་དགོངས་ཀྱིན་མེད་པ་སྟེ། དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་གི་སྙིང་བཅུད་ལྟ་བུའི་རིག་དངོས་རྣམས་ཁང་པ་ཞིག་ཏུ་བཞུགས་རྒྱུ་ཁོ་ན་མིན་པར། འཛམ་གླིང་ཁྱོན་ཡོངས་སུ་བསྐོར་བསྐྱོད་ཀྱི་འགྲེམས་སྟོན་རྣམ་པས་གཞི་རྒྱ་ཆེ་རུ་གཏོར་འཆར་དང་། རིག་དངོས་དེ་དག་གི་རྒྱབ་ལྗོངས་དང་འབྲེལ་བའི་ལོ་རྒྱུས་དང་རིག་གཞུང་ཕྱུག་པོ་དེ་མི་འབོར་མང་བས་མཇལ་ཐུབ་པ་གནང་རྒྱུའི་དམིགས་ཡུལ་ཡོད་པ་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང་།

ཀུན་གླེང་བགྲོ་གླེང་གི་སྐབས་སུ།
ཀུན་གླེང་བགྲོ་གླེང་གི་སྐབས་སུ།

རུ་སྦིན་འགྲེམས་སྟོན་ཁང་གི་སྐོར་ལ་བོད་མིའི་ཁྲོད་དུ་རིག་དངོས་ཀྱི་བདག་དབང་ལ་ཉེས་འཛུགས་བྱུང་བས་སྒོ་རྒྱག་དགོས་བྱུང་ཚུལ་གྱི་གླེང་གཞི་ཞིག་འགྲོ་བཞིན་པ་འདི་ལ། བསྟན་འཛིན་དགེ་ལེགས་ལགས་ཀྱིས་ལན་འདེབས་གནང་སྐབས། སྤྱི་ལོ་༡༩༧༠་དོན་གྲངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་རིའི་འགྲེམས་སྟོན་ཁང་ཁག་ཏུ་རྐུ་ཁྱེར་དང་ཁྲིམས་འགལ་ཉོ་ཚོང་བྱེད་པའི་སྐུ་རྟེན་དངོས་རྫས་ཅི་རིགས་ཡོད་ཚེ་ཕྱིར་སྤྲོད་བྱེད་དགོས་པའི་སྒྲིག་གཞི་ཞིག་གཏན་འབེབས་བྱེད་ཡོད་པ་དེར་རུ་སྦིན་འགྲེམས་སྟོན་ཁང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་པ་དང་། རུ་སྦིན་འགྲེམས་སྟོན་ཁང་དུ་རྟེན་ཆ་སྟོང་ཕྲག་བཞི་ཙམ་ཡོད་པ་དེ་ཚོའི་ནང་ནས་ད་ལྟའི་བར་དུ་བོད་འབྲེལ་རིག་དངོས་ཀྱི་ཅ་ལག་རྐང་གཅིག་ལ་ཡང་བོད་ཀྱི་དགོན་པ་གང་རུང་ནས་རྐུ་ཁྱེར་བྱེད་འདུག་ཅེས་བཤད་མཁན་བྱུང་མེད་པ་གསུང་སོང་།

འགྲེམས་སྟོན་ཁང་ཁག་གི་རིག་དངོས་ཀྱི་བདག་དབང་།

སྤྱིར་ད་ལྟའི་དུས་འདིར་རྒྱལ་སྤྱིའི་འགྲེམས་སྟོན་ཁང་སྐད་གྲགས་ཅན་ཁག་ཏུ་གནའ་རྫས་དང་རིག་དངོས་ཀྱི་བདག་དབང་དང་ཡོང་ཁུངས་ལ་རྩོད་གཞིའི་དོན་རྐྱེན་ཡང་ཡང་ཡོང་བཞིན་ཡོད། ལྷག་པར་དུ་འགྲེམས་སྟོན་ཁང་ཁ་ཤས་ཀྱིས་དངོས་རྫས་བཤམ་སྟོན་ཁང་ནས་གནའ་རྫས་ཕྱིར་བསྡུ་དང་ཕྱིར་སྤྲོད་བྱེད་དགོས་པ་སོགས་འབྱུང་བཞིན་པ་རེད། དཔེར་ན། སྤྱི་ལོ་༢༠༢༣་ལོའི་སྤྱི་ཟླ་༡༢་བའི་ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་མེ་ཊོ་པོ་ལི་ཊན་སྒྱུ་རྩལ་འགྲེམས་སྟོན་ཁང་གིས་༼ The Metropolitan Museum of Art ༽ཀེམ་བྷོ་ཌི་ཡ་དང་ཐའེ་ལན་ཌི་གཉིས་ལ་ཁ་མར་དུས་རབས་༼ཨེ་ཤ་ཡའི་ལོ་རྒྱུས་ལས་སྤྱི་ལོ་སྔོན་གྱི་༨༠༢་ནས་སྤྱི་ལོ་༡༤༣༡་བར་དུ་ལྷོ་ཤར་ཨེ་ཤ་ཡའི་ས་ཁྱོན་མང་པོ་དབང་བསྒྱུར་བྱེད་མཁན་ཁ་མར་དུས་རབས་༽ སྐབས་ཀྱི་སྒྱུ་རྩལ་བརྩམས་ཆོས་གལ་ཆེན་བཅུ་དྲུག་ཕྱིར་སྤྲོད་བྱ་དགོས་བྱུང་ཡོད་ལ། དེ་ནི་ཅ་ལག་རྙིང་བ་ཉོ་ཚོང་བ་གྲགས་ཅན་ཌག་ལ་སི་ ལཱ་ཆི་ཧྥོ་ཌི་༼ Douglas A.J. Latchford༽ དང་འབྲེལ་བ་ཡོད་པ་སྟེ། ཁོས་ཅ་ལག་དེ་ཚོ་ཁྲིམས་འགལ་གྱིས་ཉོ་ཚོང་བྱས་པའི་ཉེས་འཛུགས་ཐེབས་མྱོང་བ་རེད། ཀེམ་བྷོ་ཌི་ཡ་གཞུང་གིས་སྤྱི་ལོ་༡༩༧༠་དོན་གྲངས་སུ་ཀེམ་བྷོ་ཌི་ཡའི་ནང་འཁྲུག་སྐབས་རིག་དངོས་ཁག་ཅིག་ཁྲིམས་འགལ་ངང་རྒྱལ་ཁབ་ནས་ཕྱིར་འཁྱེར་བར་འགྲེལ་བརྗོད་བྱས་ཡོད།

དེ་ལྟར་རུང་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ཞིག་གི་བདག་དབང་འཕྲོག་ཏེ་བཙན་བཟུང་བྱས་པ་དང་། གནའ་རྫས་དང་རིག་དངོས་མང་པོ་གཏོར་བཤིག་དང་འཕྲོག་བཅོམ། རྐུ་ཁྱེར་བྱས་རྗེས། དེ་ལྟ་བུའི་གནའ་རྫས་ཕྱི་རུ་ཐོན་ཡོད་པ་རྣམས་ཀྱི་བདག་དབང་དངོས་དེའི་མགོ་ཁུངས་ཇི་ལྟར་འདེད་དགོས་མིན་དེ་གནད་དོན་ཆེན་པོ་ཞིག་ཡིན་པར་མང་པོས་ངོས་འཛིན་ཡོད་ཀྱང་། ཡང་གནད་དོན་འདིའི་སྐོར་ལ་གནས་ལུགས་དང་དཔྱད་བསྡུར་གྱི་བགྲོ་གླེང་ཞིབ་ཚགས་ཤིག་དེ་སྔ་ད་དུང་འགྲོ་ཐུབ་ཀི་མེད་པ་རེད།

བསྟན་འཛིན་དགེ་ལེགས་ལགས་ཀྱིས་བརྗོད་ན། བོད་ཀྱི་རིག་དངོས་རྣམས་ཀྱི་བདག་དབང་ནི་བོད་མི་ཁོ་ན་ཡིན། ཡིན་ན་ཡང་བོད་ཀྱི་ལུང་བ་ཡན་ཆད་རྒྱ་ནག་གིས་བཙན་འཕྲོག་བྱས་ཟིན་པའི་སྐབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཁང་ཁག་ལ་བོད་ཀྱི་རིག་དངོས་བདག་དབང་རྒྱ་ནག་ལ་ཡོད་ཅེས་རྩོད་ལེན་བྱེད་ཕོད་ཀྱིན་མེད་པ་དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་ལ་ནོངས་ཆེན་པོ་ཡོད་པས་ཡིན་པ་དང་། རྒྱ་ནག་ནི་ངོ་གདོང་གི་བརྩི་མཐོང་གལ་ཆེན་བརྩི་མཁན་ཡིན་པས། དེ་ལྟར་བྱེད་ན་རྒྱལ་སྤྱིའི་ནང་འགྲོ་ས་མེད་པར་རྒྱ་ནག་ཁོ་རང་ཚོ་ངོ་ཚ་ཁ་སྐྱེངས་ཡོང་རྒྱུ་སྟེ། རྒྱ་ནག་གིས་བོད་ཀྱི་རིག་དངོས་དང་སྐུ་གསུང་ཐུགས་རྟེན། དགོན་པ་གྲྭ་ཚང་སོགས་གཏོར་བཅོམ་ཚད་ལས་བརྒལ་བ་བྱེད་པའི་དངོས་ཡོད་ལོ་རྒྱུས་གླེང་གཞི་ཆགས་སྲིད་པར་འཛེམས་ཀྱིན་ཡོད་པ་རེད།

གཏོར་བཅོམ་འོག་རང་དབང་ཐོབ་པའི་བོད་ཀྱི་སྐུ་གསུང་ཐུགས་རྟེན་དང་རིག་དངོས་ཁག་ཅིག

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་པའི་སྐབས་དང་དེའི་རྗེས་ཀྱི་རིག་གནས་གསར་བརྗེ་བཅས་སྐབས་སོ་སོར་བོད་ཀྱི་སྣོད་བཅུད་ཡོད་དོ་ཅག་ལ་ཆག་འཇིག་ཆེན་པོ་བྱུང་བ། དཔེར་ན་ད་ལྟ་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་ནང་གི་སྐུ་གསུང་ཐུགས་རྟེན་ཁག་གཙོ་བྱེད་པའི་དགོན་པ་ཕལ་མོ་ཆེ་ནི་གསར་བཞེངས་དང་བསྐྱར་གསོ་བྱས་པ་ཤ་སྟག་ཡིན་པ་ལས། གོད་ཆག་དང་དབང་བསྒྱུར། བཙན་འཛུལ། རིག་གནས་གསར་བརྗེ་སོགས་ཀྱི་གཏོར་བཤིག་དང་འཕྲོག་བཅོམ་ལས་ཤུལ་དུ་ལྷག་པ་ཧ་ཅང་ཉུང་བ་མ་ཟད། ཕྱིས་སུ་ཕྱིར་སློག་པའི་རིག་དངོས་དང་སྐུ་འདྲ་ཁག་ལས་ཀྱང་ཆ་ཚང་བ་ཞིག་ཕྱིར་བོད་ནང་གི་དགོན་པ་དང་གནས་ཆེན་ཁག་ཏུ་རག་ཡོད་པ་ཧ་ཅང་ཉུང་ཉུང་ཡིན་པ་རེད།

ལྷ་ས་ནས་པེ་ཅིན་དུ་སྐུ་འདྲ་གདན་འདྲེན་ཞུས་པར་བཅར་མཁན་ཚོ་༧པཎ་ཆེན་རིན་པོ་ཆེར་མཇལ་བ།
ལྷ་ས་ནས་པེ་ཅིན་དུ་སྐུ་འདྲ་གདན་འདྲེན་ཞུས་པར་བཅར་མཁན་ཚོ་༧པཎ་ཆེན་རིན་པོ་ཆེར་མཇལ་བ།

དེ་ཚོའི་ནང་དུ་ལྷ་སའི་ཇོ་བོ་མི་བསྐྱོད་རྡོ་རྗེ་ཡི་སྐུ་སྨད་ལྷ་སར་ཡོད་ཀྱང་སྐུ་སྟོད་པེ་ཅིང་གི་མཛོད་ཁང་ཞིག་ནས་རག་པའི་ལོ་རྒྱུས་ཡོད་ཅིང་། ཇོ་བོའི་སྐུ་སྟོད་གདན་འདྲེན་ཞུ་བར་བཅར་མཁན་ཁོངས་སུ་ད་ལྟ་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་དབྱངས་སྒྲོན་ལགས་ཡོད་པ་རེད། ཁོང་གིས་འདི་ག་རླུང་འཕྲིན་ཁང་ལ་སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་གནང་བྱུང་། སྤྱི་ལོ་༡༩༨༣་ལོར་སེ་ར་སྨད་ཀྱི་སྨར་ཁམས་རི་འབུར་རིན་པོ་ཆེ་དང་རྩེ་ཕོ་བྲང་གི་རིག་དངོས་བདག་ཉར་ཁང་གི་མགོ་ཁྲིད་ཀརྨ་ལགས། ནང་བསྟན་མཐུན་ཚོགས་ཀྱི་ལས་བྱེད་ཕུན་ཚོགས་ཡོན་ཏན་ལགས་བཅས་ཀྱི་རུ་ཁག་ཅིག་པེ་ཅིང་དུ་སྐུ་འདྲ་འཚོལ་བར་ཕེབས་ཡོད་འདུག སྐབས་དེར་མཐོ་འབྲིང་མཐར་ཕྱིན་མ་ཐག་པའི་དབྱངས་སྒྲོན་ལགས་རུ་ཁག་དེ་ཡི་གསུང་བསྒྱུར་དུ་བཅར་རྒྱུ་བྱུང་འདུག དབྱངས་སྒྲོན་ལགས་ཀྱིས། ང་ཚོ་པེ་ཅིང་དུ་འབྱོར་བ་དང་ཐོག་མར་༧པཎ་ཆེན་རིན་པོ་ཆེར་མཇལ་ཁར་བཅར་སོང་། དེ་ནས་ང་ཚོ་པེ་ཅིང་གི་རྒྱ་ནག་གོང་མའི་ཕོ་བྲང་(故宫)ཞེས་པ་དེའི་རྒྱབ་ཀྱི་ཁང་བ་ཞིག་ཏུ་ཁྲིད་སོང་བས། ཁང་བ་དེའི་སྒོ་ཕྱེས་པ་དང་སྐུ་འདྲ་རྣམས་རི་ལྟར་སྤུངས་ཡོད་པ་མཇལ་སོང་ཞེས་དང་། ཡང་དབྱངས་སྒྲོན་ལགས་ཀྱིས་ཕྱིར་དྲན་ངང་གསུངས་དོན། ཁང་བ་དེ་སྒོ་ཕྱེ་མ་ཐག་ས་རྡུལ་གྱིས་ཁེངས་ནས་ཁ་ཐུག་ཡར་འཛུལ་ཐུབ་ཀྱིན་མི་འདུག ང་ཚོས་ཁ་རས་ཉིས་བརྩེགས་གྱོན་ནས་སྐུ་འདྲ་རེ་རེ་གཙང་མ་བཟོ་སྐབས་སྣ་ཆུ་ཡང་ནག་པོར་གྱུར་འགྲོ་གི་འདུག ཁང་བ་དེའི་ནང་བོད་ཀྱི་སྐུ་རྟེན་བརྒྱ་ཕྲག་མང་པོ་སྤུངས་ནས་དུས་ཡུན་རིང་བོ་བཞག་པ་འདྲ། རི་འབུར་རིན་པོ་ཆེ་ཡིས་ལྷ་སར་ཡོད་པའི་ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེ་ཡི་སྐུ་སྨད་ཚད་འཇལ་ཏེ་ཕེབས་འདུག་པ་དང་། ང་ཚོས་སྐུ་འདྲ་རེ་རེ་གཙང་སེལ་གྱིས་ཤོག་སྒམ་དུ་བཅུག་སྟེ་བསྡུ་གསོག་བྱེད་སྐབས། དེའི་ནང་དུ་ར་མོ་ཆེའི་ཇོ་བོའི་སྐུ་སྟོད་ཡོད་པ་རི་འབུར་རིན་པོ་ཆེ་ཡིས་གཟིགས་ཏེ། དེ་ཚད་འཇལ་བ་དང་ངོས་འཛིན་གནང་ཐུབ་པ་བྱུང་སོང་། ང་ཚོས་གང་མགྱོགས་གནས་ཚུལ་དེ་༧པཎ་ཆེན་རིན་པོ་ཆེར་སྙན་སེང་ཞུ་སྐབས་༧པཎ་ཆེན་རིན་པོ་ཆེ་དེ་མ་ཐག་ཇོ་བོར་མཇལ་དུ་ཕེབས་ཏེ་དེ་ག་རང་ངོས་འཛིན་གནང་སྟེ་མཇལ་དར་བསྒྲོན་སོང་། ཡིན་ན་ཡང་ཇོ་བོའི་ནང་གི་རྟེན་རྣམས་མེ་ཡིས་འཚིག་ཡོད་པ་དང་ཞལ་གྱི་གསེར་བཀོག་པ། ཕྲ་རྒྱན་བཀོག་པ་སོགས་ཕར་བལྟས་ན་མི་ཞིག་ལ་དཔེ་བཞག་ན་རྨས་སྐྱོན་ཕོག་པ་ལྟ་བུ་རེད་ཅེས་འགྲེལ་བརྗོད་གནང་སོང་།

ཇོ་བོའི་སྐུ་སྟོད་པེ་ཅིན་དུ་རྙེད་པ།
ཇོ་བོའི་སྐུ་སྟོད་པེ་ཅིན་དུ་རྙེད་པ།

དེའི་རྗེས་༧པཎ་ཆེན་རིན་པོ་ཆེ་ཡིས་ཇོ་བོ་མི་བསྐྱོད་རྡོ་རྗེ་ངེས་པར་དུ་ར་མོ་ཆེར་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་བཀའ་གནང་ཞིང་། སྐུ་འདྲ་གཞན་རྣམས་དང་མི་འདྲ་བར་ཇོ་བོའི་སྐུ་སྟོད་གནམ་གྲུའི་ནང་དུ་ལྷ་སར་གདན་འདྲེན་ཞུས་ཏེ་བསྐྱར་དུ་སྐུ་སྟོད་དང་སྐུ་སྨད་བསྒྲིགས་ཏེ་ར་མོ་ཆེའི་ནང་དུ་བཞུགས་ཐུབ་པ་བྱུང་ཡོད་འདུག

པེ་ཅིན་གྱི་གོང་མའི་ཕོ་བྲང་གི་མཛོད་ཁང་ཞིག་ཏུ་ཇོ་བོའི་སྐུ་སྟོད་རྙེད་པ།
པེ་ཅིན་གྱི་གོང་མའི་ཕོ་བྲང་གི་མཛོད་ཁང་ཞིག་ཏུ་ཇོ་བོའི་སྐུ་སྟོད་རྙེད་པ།

ཡང་དབྱངས་སྒྲོན་ལགས་ཀྱིས་གསུང་རྒྱུར། སྐབས་དེར་གོང་མའི་ཕོ་བྲང་དུ་ལས་ཀ་བྱེད་མཁན་རྒྱ་མོ་ཞིག་གིས་བརྗོད་ན། ཁང་བ་དེའི་ནང་སྤུངས་པའི་སྐུ་འདྲ་དེ་དག་ཙམ་མིན་པར། ད་དུང་ཡང་མང་པོ་ཡོད་མོད། ཡིན་ན་ཡང་སྐུ་འདྲ་མང་པོ་ཞིག་བཙོ་སྦྱང་བྱས་ཏེ་མདེའུ་དང་ཆུ་གསོག་སའི་ཟངས་ཀྱི་སྣོད་དང་སྐྱོགས་སོགས་བཟོས་ཡོད་འདུག

ཡང་མཁར་རྡོ་སྐུ་ཕྲེང་བདུན་པ་བསྟན་འཛིན་ནོར་བུ་རིན་པོ་ཆེ་ཡིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་གསུང་དོན་ལྟར་ན།

མཁར་རྡོ་སྐུ་ཕྲེང་བདུན་པ་བསྟན་འཛིན་ནོར་བུ་རིན་པོ་ཆེ།
མཁར་རྡོ་སྐུ་ཕྲེང་བདུན་པ་བསྟན་འཛིན་ནོར་བུ་རིན་པོ་ཆེ།

སྤྱི་ལོ་༡༩༨༢་ལོའི་ལོ་མཇུག་ལ་༼ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་བོད་ཡན་ལག་མཐུན་ཚོགས་༽ཞེས་པ་ཡིས་ཚོགས་འདུ་ཞིག་འཚོགས་ཏེ་ཆབ་མདོ་ཡན་ཆད་ནས་ནག་ཆུའི་ཚུན་ཆད། མངའ་རིས་མན་ཆད་བཅས་ཀྱི་བོད་རང་སྐྱོང་ལྗོངས་ཞེས་པའི་མངའ་ཁོངས་ཀྱི་བླ་མ་དང་མཁན་པོ། དགོན་པ་ཁག་གི་སྤྱི་ཁྱབ་ཁག་བཅས་མི་༡༤༠་ལྷག་འཛོམས་པའི་ནང་རིན་པོ་ཆེ་ཁོང་ཡང་ཡོད་འདུག མཁར་རྡོ་རིན་པོ་ཆེས། སྐབས་དེར་ཚོགས་འདུ་དེའི་ཐོག་ཏུ། རིག་གནས་གསར་བརྗེ་སྐབས་སུ་དགོན་པ་ཁག་གཏོར་བཤིག་སོང་ཡོད་པ་རེད། དགོན་པ་བསྐྱར་གསོ་བྱེད་ན་རེ་བ་ག་རེ་ཡོད་ཅེས་འདྲི་བཞིན་པའི་ཁུལ་རེད། མང་པོ་ཞིག་གིས་དགོན་པ་བསྐྱར་གསོ་ལ་དངུལ་རག་པར་རེ་བ་བྱེད་བཞིན་པ་འདྲ་སྟེ། ཡང་མང་པོ་ཞིག་གིས་དགོན་པ་གཏོར་བཤིག་འགྲོ་སྟངས་སྐོར་བཤད་ཀྱིན་འདུག སྐབས་དེར་མཆོད་རྟེན་དང་མ་ཎི་ལྷ་ཁང་སོགས་མ་རྩིས་པར། མང་ཉུང་ལ་མ་བརྟེན་པའི་དགེ་འདུན་པ་ཡོད་སའི་དགོན་པ་སྟོང་ཕྲག་དྲུག་ཙམ་གཏོར་བཤིག་བཏང་ཡོད་པ་བཤད་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་ཁག་ཏུ་ཡོད་པའི་བོད་ཀྱི་དགོན་པ་སྟོང་ཕྲག་དྲུག་ལྷག་ལ་གཏོར་བཤིག་ཐེབས་ཡོད་པའི་བཤད་སྟངས་དེ་ཏག་ཏག་བསྡད་འདུག་ཅེས་དང་། ཡང་། ༡༩༨༢་ལོའི་ལོ་མཇུག་ལ་ཀྲུང་དབྱང་གི་སྲིད་ཇུས་ལྷུག་ཏུ་བཏང་བ་ཡིན་ཚུལ་གྱིས་བོད་ཀྱི་ལྷ་སྐུ་ཁག་ཕྱིར་སྤྲོད་རྒྱུ་ཡིན་ཞེས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་བོད་ཡན་ལག་མཐུན་ཚོགས་ཟེར་བས་བླ་མ་དང་མཁན་པོ་རྐྱང་རྐྱང་རུབ་རུབ་བཟོས་ཏེ་ཚོགས་ཆུང་མང་པོ་བཟོས་ཏེ་བཏང་བ་རེད། སྐབས་དེ་དུས་རྒྱ་ནག་གིས་ཡིག་ཆ་བཟོས་ཏེ། དཔེར་ན་ས་ཆ་གང་དུ་སྐུ་འདྲ་ཏུན་ག་ཚོད་ཡོད་པ་སོགས་བྲིས་འདུག་མོད། སྐབས་དེར་ལྷ་སྐུ་རྣམས་ཚུར་སྤྲད་པ་ཙམ་པོར་དགའ་ཚོར་གྱིས་ཡིག་ཆ་ལ་དོ་སྣང་ཆེན་པོ་བྱེད་མི་འདུག་ཅེས་སོགས་གསུང་བ་དང་། ཡང་དེའི་རྗེས་མཁར་རྡོ་རིན་པོ་ཆེ་རྒྱ་ནག་གི་ཁྲིན་ཏུ་ལ་ཡོད་སྐབས་པེ་ཅིང་ནས་ཇོ་བོའི་སྐུ་སྟོད་གདན་འདྲེན་ཞུ་མཁན་རི་འབུར་རིན་པོ་ཆེ་ཡི་རུ་ཁག་དེ་ར་ཁྲིན་ཏུ་དུ་མཇལ་ཡོད་པ་ཡང་ངོ་སྤྲོད་གནང་བྱུང་།

གོང་དུ་བོད་ཀྱི་དགོན་པ་དང་གནས་ཆེན་ཁག་གི་སྐུ་འདྲ་སོགས་གཙོ་བྱེད་པའི་སྐུ་གསུང་ཐུགས་རྟེན་དང་རིག་དངོས་མང་པོ་རྒྱ་ནག་གཞུང་གིས་རྐུ་ཁྱེར་དང་གཏོར་བཅོམ་བཏང་ཟིན་པ། ལྷག་པར་དུ་གསེར་དངུལ་གྱིས་གྲུབ་པ་རྣམས་རྒྱ་ནག་གིས་བཙོ་སྦྱང་བྱེད་དེ་འཕྲོག་བཅོམ་བྱེད་པ། ཟངས་དང་ལྕགས རག་སོགས་ཀྱི་གྲུབ་པ་རྣམས་ཀྱིས་མདེའུ་གཙོས་དངོས་རྫས་བཟོ་སྐྲུན་བྱེད་པ་བོད་མིའི་ངག་རྒྱུན་དུ་བཤད་སྲོལ་ཡོད། དབྱེ་ཞིབ་པ་ཚོས་བརྗོད་ན་ད་ལྟ་རུ་སྦིན་འགྲེམས་སྟོན་ཁང་གཙོས་པའི་འགྲེམས་སྟོན་ཁང་ཁག་ཏུ་ཐོན་ཡོད་པའི་བོད་ཀྱི་རིག་དངོས་ཤུལ་བཞག་རྣམས་ནི་རྒྱ་ནག་གི་འཕྲོག་བཅོམ་ཆེན་མོ་ལས་ཐར་ཏེ་རང་དབང་ཐོབ་པ་ཁག་ཅིག་ཏུ་ངོས་འཛིན་ཞུ་བཞིན་འདུག

ཡིན་ན་ཡང་ཉེ་ཆར་ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་ཀྱི་སྐུ་གསུང་ཐུགས་རྟེན་གཙོས་པའི་དངོས་རྫས་དེ་དག་གི་ཡོང་ཁུངས་ལ་བོད་ཅེས་པའི་དབྱིན་ཡིག་གི་Tibet་ཡི་ཚབ་ཏུ་Xizangཞེས་བསྒྱུར་བ་དང་། བོད་ཀྱི་ཚབ་ལ་ཧི་མ་ལ་ཡ་ཞེས་བསྒྱུར་ཡོད་པར་ངོ་རྒོལ་བྱེད་མཁན་བོད་མི་ཚོ་ཁོ་ན་མིན་པར། བོད་རིག་པ་བ་དང་ལོ་རྒྱུས་སྨྲ་བ་ཚོས་ཀྱང་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས། དེ་བསྐྱར་འབྲི་བྱེད་རྒྱུར་སུ་ལ་ཡང་ཐོབ་ཐང་མེད་ཅེས་ངོ་རྒོལ་བྱུང་ཡོད། འགྲེམས་སྟོན་ཁང་གཅིག་གིས་ལམ་སེང་མི་མང་གི་དགོས་མདུན་ལ་ངོས་ལེན་གྱིས་ཡོ་བསྲང་བྱེད་རྒྱུའི་ཁས་ལེན་བྱེད་ཡོད་མོད། ད་དུང་འགྲེམས་སྟོན་ཁང་གཅིག་གིས་བོད་མིའི་དགོས་འདུན་ལ་ངོས་ལེན་བྱེད་མེད་རྐྱེན་མུ་མཐུད་དུ་ལས་འགུལ་སྤེལ་བཞིན་ཡོད། སྐབས་འདི་དག་ཏུ་རིག་དངོས་བདག་དབང་གི་མགོ་ཁུངས་དང་ལོ་རྒྱུས་ཀྱི་དངོས་ཡོད་ཅི་ཙམ་སྲུང་སྐྱོབ་བྱེད་ཐུབ་མིན་དང་། ལྷག་པར་དུ་ཐ་ན་ལོ་རྒྱུས་དང་རིག་དངོས་ཇི་མ་ཇི་བཞིན་འགྲེམས་སྟོན་བྱེད་ས་ཁག་ཏུ་ཡང་སྒེར་གཅོད་སྲིད་དབང་གི་ཤུགས་རྐྱེན་ཐེབས་བཞིན་པར་གདོང་ལེན་ཇི་ལྟར་བྱེད་མིན་ཡང་བགྲོ་གླེང་དང་དོ་སྣང་སྔར་ལས་ཆེ་བ་བྱེད་དགོས་པ་དབྱེ་ཞིབ་པ་ཚོས་བརྗོད་བཞིན་འདུག

རུ་སྦིན་འགྲེམས་སྟོན་གྱི་ཧི་མ་ལ་ཡའི་རིག་གཞུང་དང་སྒྱུ་རྩལ་ཆེད་ལས་པ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་གསུང་དོན་ལྟར་ན། འཛམ་གླིང་འདིའི་ནང་ལ་བོད་དུ་གོད་ཆག་ཆེན་པོ་བྱུང་བ་རེད། ལུང་བ་ཡང་ཤོར་རེད། ད་ལྟ་ཕྱི་ལ་ཐོན་ཡོད་པའི་དངོས་རྫས་རིགས་བོད་པ་ཙམ་མིན་པར་འཛམ་གླིང་མི་མང་གིས་མཇལ་རྒྱུ་ཡོད་པ་འདི་མི་རིགས་ཤིག་གི་རིན་ཐང་ངོ་སྤྲོད་བྱེད་བྱད་ཀྱི་ལག་ཆར་གྱུར་ཡོད་པ་རེད།

རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ཞིག་གི་བདག་དབང་ཡོངས་སུ་བཙན་བཟུང་བྱས་པ་དང་གནའ་རྫས་རིག་དངོས་མང་པོ་གཏོར་བཤིག་དང་འཕྲོག་བཅོམ། རྐུ་ཁྱེར་བྱས་སྐབས། དེ་ལྟ་བུའི་གནའ་རྫས་ཕྱི་རུ་ཐོན་པ་དང་འགྲེམས་སྟོན་ཁང་ཁག་གིས་བདག་ཉར་གྱིས་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་ཡོང་ཁུངས་འགྲེལ་བརྗོད་དང་སྦྲགས་གནའ་རྫས་དེ་བདག་སའི་སྤྱི་ཚོགས་དང་མི་རིགས། རིག་གནས་ཤིག་ངོ་སྤྲོད་ཐུབ་པ་ནི་གནའ་རྫས་འགྲེམས་སྟོན་ཁང་གི་མཛེས་པ་དང་དགེ་མཚན་ཆེ་ཤོས་སུ་བརྩི་བཞིན་པ་རེད།

གླེང་སྟེགས།

XS
SM
MD
LG