ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཡུ་སྒོར་ཐེར་འབུམ་༨༠༠་རྒྱལ་སྲུང་འགྲོ་གྲོན་གཏང་དགོས་པའི་གྲོས་གཞི་བཏོན།
གཟའ་ཉི་མ། ༢༠༢༥/༠༤/༡༣

ཡུ་སྒོར་ཐེར་འབུམ་༨༠༠་རྒྱལ་སྲུང་འགྲོ་གྲོན་གཏང་དགོས་པའི་གྲོས་གཞི་བཏོན།


ཕྱི་ཟླ་༣་པའི་ཚེས་༤་ཉིན་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝན་ཌར་ལེ་ཡེན་ནས་ཡུ་རོབ་མཉམ་འབྲེལ་གྱིས་ཡུ་སྒོར་ཐེར་འབུམ་༨༠༠་རྒྱལ་སྲུང་འགྲོ་གྲོན་གཏང་དགོས་པའི་གྲོས་གཞི་བཏོན།
ཕྱི་ཟླ་༣་པའི་ཚེས་༤་ཉིན་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝན་ཌར་ལེ་ཡེན་ནས་ཡུ་རོབ་མཉམ་འབྲེལ་གྱིས་ཡུ་སྒོར་ཐེར་འབུམ་༨༠༠་རྒྱལ་སྲུང་འགྲོ་གྲོན་གཏང་དགོས་པའི་གྲོས་གཞི་བཏོན།

༄༅།། ཨ་མི་རི་ཀས་ཡུ་རོབ་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་པས་ཡུ་རོབ་མཉམ་འབྲེལ་གྱིས་ཡུ་སྒོར་ཐེར་འབུམ་༨༠༠་ཐམ་པ་རྒྱལ་སྲུང་འགྲོ་གྲོན་གཏང་དགོས་པའི་གྲོས་གཞི་བཏོན། ཕྱི་ཟླ་༣་པའི་ཚེས་༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཊམ་གྱིས་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་ཡག་ཏུ་བཏང་སྟེ་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་རྒྱུའི་རྣམ་པ་གསལ་པོར་བསྟན། གཟའ་མིག་དམར་ཉིན་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལ་ཝོན་ཌེར་ལེན་(Ursula von der Leyen)་ནས་ཡུ་རོབ་ཀྱིས་བསྐྱར་དུ་མཚོན་ཆ་བསྒྲིག་དགོས་ཞེས་གྲོས་གཞི་བཏོན་ནས་ཚོགས་འཐུས་༢༧་ཡོད་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བཀྲམ། གཟའ་ཕུར་བུའི་ཉིན་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཛ་དྲག་གི་ཚོགས་འདུ་ཚོགས་ནས་ཌོ་ནལ་ཊམ་གྱིས་ཡུ་རོབ་ལ་འབྲེལ་བ་སྡུག་ཏུ་གཏོང་གི་ཡོད་པ་དང་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག ཨ་རིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཐེབས་པར་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྲོས་སྡུར་བྱ་རྒྱུ་ཡིན་པའི་གསར་འགྱུར་ཐོན་འདུག

ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཝོན་ཌར་ལི་ཡེན་གྱིས་ང་ཚོའི་བདེ་འཇགས་ལ་ཉེན་ཁ་ཅི་ཞིག་འཕྲད་ཀྱི་ཡོད་མེད་ནི་ངས་གསལ་བཤད་བྱེད་མི་དགོས་པ་ཞིག་རེད། ཚོགས་འཐུས་རྒྱལ་ཁབ་ཁག་གི་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱིས་བརྒྱ་ཆ་༡.༥་དམག་དོན་ཐད་འགྲོ་གྲོན་གཏང་དགོས། དེ་ལྟར་བྱུང་ན་མ་འོངས་པའི་ལོ་བཞིའི་རིང་ཡུ་སྒོར་ཐེར་འབུམ་༦༥༠་འདུ་འགོད་བྱེད་ཐུབ། ད་དུང་ཡུ་རོབ་མཉམ་འབྲེལ་གྱི་ཐུན་མོང་དངུལ་རྩིས་ཁོངས་ནས་ཚོགས་འཐུས་རྒྱལ་ཁབ་ཁག་ལ་བུ་ལོན་བསྐྱི་རྒྱུའི་ཡུ་སྒོར་ཐེར་འབུམ་༡༥༠་ཟུར་དུ་བཞག་ན་ཡུ་སྒོར་ཐེར་འབུམ་༨༠༠་ཐམ་པའི་རྒྱལ་སྲུང་འགྲོ་གྲོན་འདུ་འགོད་བྱེད་ཐུབ་ཀྱི་འདུག་ཅེས་བསྒྲགས། འདས་པའི་ལོ་བཅུ་ཕྲག་མང་པོར་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀའི་སྲུང་སྐྱོབ་ལ་བརྟེན་ནས་དམག་དོན་འགྲོ་གྲོན་བཅད། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་མ་ཐུབ་པར་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་གཏང་རྒྱུ་འཐུས་ཤོར་སོང་།།

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མར་ཁེ་རུ་ཐེ།
ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མར་ཁེ་རུ་ཐེ།

ཡུ་རོབ་ཀྱིས་མཚོན་ཆ་ཡར་རྒྱས་གཏང་དགོས་པ་དེ་དག་གི་གྲས་སུ་མཁའ་དབྱིངས་འགོག་སྲུང་འཕུར་མདེལ་དང་མེ་སྒྱོགས་མ་ལག འགོག་སྲུང་སྒྱོགས་མདེལ་དང་འཕུར་མདེལ། དྲྭ་ལམ་སྲུང་སྐྱོབ་ཀྱི་མཐུན་རྐྱེན་བཅས་འདུས། ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་གཉིས་ཀྱང་དམག་དོན་ལ་འགྲོ་གྲོན་གཏོང་གི་མེད་ཅིང་། ཡུ་རོབ་མཉམ་འབྲེལ་གྱིས་ཡུ་སྒོར་ཐེར་འབུམ་༨༠༠་རྒྱལ་སྲུང་འགྲོ་གྲོན་གཏང་རྒྱུའི་གྲོས་གཞི་བཏོན་པར་གྲོས་འཆམ་བྱུང་ན་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་སྤར་དགོས་པར་འགྱུར་ཤས་ཆེ། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མར་ཁེ་རུ་ཐེ་(Mark Rutte)་ཡུ་རོབ་རྒྱལ་ཁབ་ཁག་གིས་མྱུར་དུ་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༣་ལྷག་དམག་དོན་ལ་འགྲོ་གྲོན་གཏང་དགོས་ཞེས་ནན་གྱིས་བསྐུལ། གཟའ་ཕུར་བུའི་ཉིན་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱལ་སྲུང་འགྲོ་གྲོན་སྤར་རྒྱུ་དེར་གྲོས་སྡུར་བྱེད་ཀྱི་ཡོད་ཀྱང་གྲོས་འཆམ་ཡོང་ཐུབ་རྒྱུ་དཀའ་བར་སྣང་།།

ཕྱི་ཟླ་༣་པའི་ཚེས་༤་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཕོ་བྲང་དཀར་པོར་སྲིད་འཛིན་ཊམ་དང་སྲིད་འཛིན་གཞོན་པ་ཇཱེ་ཌི་ཝན་སི། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་གསུམ་ཁ་རྩོད་ཤོར་བའི་རྗེས་སུ་སྲིད་འཛིན་ཊམ་གྱིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་ངང་འཐེན་བྱས་འདུག ཁ་སང་གཟའ་ཟླ་བའི་ཉིན་མིང་འདོན་མ་བྱས་པའི་ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་སྲིད་འཛིན་ཊམ་གྱིས་ཞི་བདེ་བསྐྲུན་རྒྱུར་ཤུགས་རྒྱག་གི་ཡོད་པ་རེད། ང་ཚོའི་ཟླ་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་དམིགས་ཡུལ་དེ་འགྲུབ་ཐུབ་པའི་ཆོད་སེམས་འཛུགས་དགོས། ང་ཚོས་རོགས་སྐྱོར་ངང་འཐེན་དང་བསྐྱར་ཞིབ། རོགས་སྐྱོར་དེས་ཞི་བདེ་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་ཐུབ་པ་ཞིག་བྱ་དགོས་ཞེས་རྒྱུ་མཚན་བགྲངས། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཡུཀ་རེན་ལ་རོགས་སྐྱོར་མང་ཉུང་དང་དུས་ཡུན་ཅི་ཙམ་རིང་གཅོིད་རྒྱུ་ཡིན་མིན་གསལ་བཀྲོལ་མ་བྱུང་།།

ཡུཀ་རེན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཨོ་ལེག་ཛན་ཌར་མེ་རེ་ཞ་ཀོ
ཡུཀ་རེན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཨོ་ལེག་ཛན་ཌར་མེ་རེ་ཞ་ཀོ

ཨ་མི་རི་ཀས་དམག་དོན་རོགས་སྐྱོར་ངང་འཐེན་བྱས་པར་ཡུཀ་རེན་གྱི་གཞུང་དང་སྲིད་འཛིན་ཛེ་ལན་སི་ཀིས་འགྲེལ་བརྗོད་གང་ཡང་མ་བྱས་མོད། རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཨོ་ལེག་ཛན་ཌར་མེ་རེ་ཞ་ཀོས་(Oleksndr Merezhko)་ཌོ་ནལ་ཊམ་གྱིས་ང་ཚོ་མགོ་སྒུར་དགོས་པའི་ཕྱོགས་སུ་རྫོང་གི་ཡོད་པ་འདྲ་ཞེས་བཤད། ར་ཤི་ཡའི་གཞུང་གིས་སྲིད་འཛིན་ཊམ་གྱི་སྲིད་ཇུས་དེའི་ཞིབ་ཕྲ་ཁག་ཤེས་རྟོགས་མ་བྱུང་ཡང་ཨ་མི་རི་ཀས་དམག་དོན་རོགས་སྐྱོར་སྤྲོད་རྒྱུ་ངང་འཐེན་བྱེད་ཀྱི་ཡོད་པ་ནི་ཞི་བདེ་བསྐྲུན་རྒྱུ་དེར་ལེགས་སྐྱེས་མཆོག་ཏུ་གྱུར་པ་ཞིག་རེད་ཅེས་བསྔགས་བརྗོད་ཞུས། ༢༠༢༢་ལོར་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པ་ཕྱིར་འཐེན་བྱེད་སྲིད་པའི་རྣམ་པ་ཞིག་མངོན། ར་ཤི་ཡའི་གཞུང་གིས་མོ་སི་ཀོ་དང་ཝ་ཤིང་ཊོན་གྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་དགོས་ན་ཉེས་ཆད་ཕྱིར་འཐེན་བྱ་དགོས་ཟེར།།

དམག་དོན་ཉམས་ཞིབ་པ་ཚོས་ཨ་མི་རི་ཀའི་རོགས་སྐྱོར་ངང་འཐེན་བྱས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཁྱད་པར་འགྲོ་རྒྱུ་དེར་དུས་ཡུན་གང་འཚམ་ཞིག་འགོར་གྱི་རེད། ན་ནིང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཡུཀ་རེན་ལ་དམག་དོན་རོགས་རམ་སྤྲོད་རྒྱུ་ཟླ་བ་འགའ་ཞིག་ལ་བཀག སྐབས་དེར་ཡུཀ་རེན་ལ་ར་ཤི་ཡའི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་བར་དུ་གཏོར་སྤྱད་སྒྱོགས་མདེལ་ཆད་ནས་དཀའ་ངལ་ཕྲད། ཡུཀ་རེན་གྱི་ཤར་ཕྱོགས་དམག་ས་ཁག་ཏུ་མདེའུ་དང་སྒྱོགས་མདེལ་ཆད། ཨ་མི་རི་ཀས་ཡུཀ་རེན་ལ་དམག་དོན་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་རྦད་དེ་མཚམས་འཇོག་བྱས་ཚེ། ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་དང་སྒྱོགས་མདེལ། འཕུར་མདེལ་སོགས་རོགས་སྐྱོར་སྤྲད་ནས་ཡུཀ་རེན་ཕམ་དུ་འཇུག་མི་ཉན། ཡུཀ་རེན་ལ་ཕམ་ཉེས་བྱུང་ན་ཕུ་ཊིན་གྱིས་ཡུ་རོབ་རྒྱལ་ཁབ་གཞན་ཁག་ལ་བཙན་འཛུལ་བྱས་ནས་རྒྱ་སྐྱེད་རིང་ལུགས་ཀྱི་ཧམ་སེམས་མངོན་དུ་འགྱུར་ཐབས་བྱེད་ཀྱི་རེད་ཅེས་གླེང་།།

ཧྥ་རན་སིའི་སྲིད་འཛིན་དང་དབྱིན་ཇིའི་སྲིད་བློན།
ཧྥ་རན་སིའི་སྲིད་འཛིན་དང་དབྱིན་ཇིའི་སྲིད་བློན།

ཕྱི་ཟླ་༣་པའི་ཚེས་༣་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱིས་འདོད་པ་ཡོད་པའི་རྒྱལ་ཁབ་ཁག་གི་ཚོགས་པ་ཞིག་བཙུགས་ནས་ཡུཀ་རེན་ལ་ཞི་བདེ་སྲུང་དམག་གཏང་རྒྱུ་དང་། ཡུཀ་རེན་དང་ར་ཤི་ཡ་གཉིས་ལ་ཞི་བའི་གྲོས་མཐུན་ཞིག་འཇོག་ཏུ་འཇུག་ཐབས་བྱེད་ཀྱི་ཡོད་ཀྱང་ཡུ་རོབ་རྒྱལ་ཁབ་ཅི་ཙམ་གྱིས་ཡུཀ་རེན་ལ་ཞི་བདེ་སྲུང་དམག་གཏོང་ཐུབ་མིན་ངེས་གཏན་བྲལ། དབྱིན་ཇིའི་སྲིད་བློན་སི་ཊར་མེར་(Keir Starmer)་གྱིས་ཡུ་རོབ་རྒྱལ་ཁབ་ཚང་མས་ཞི་བདེ་སྲུང་དམག་གཏོང་མི་ཐུབ་ཀྱང་རྒྱལ་ཁབ་ཁག་ཅིག་གིས་གཏོང་ཐུབ་ཀྱི་རེད། ང་ཚོས་སྲིད་འཛིན་ཊམ་ལ་ཡུ་རོབ་རྒྱལ་ཁབ་ཁག་གིས་རྡོག་ཁྲེས་ལྕི་མོ་ཞིག་འཁུར་གྱི་ཡོད་པའི་རྣམ་འགྱུར་སྟོན་དགོས་ཞེས་བཀྲལ། ཉམས་ཞིབ་པ་ཚོས་ཨ་མི་རི་ཀས་ཡུཀ་རེན་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་མ་བསྟུན་པ་དང་བདེ་འཇགས་སྲུང་སྐྱོབ་འགན་ལེན་མེད་པར་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་ལ་ཚོང་འགྲིག་བྱ་རྒྱུའི་སེམས་ཐག་བཅད་འདུག་ཅེས་དཔྱད་བརྗོད་སྤེལ།།

ཉེ་ཆར་འོས་བསྡུའི་རྒྱལ་ཁ་ཐོབ་པའི་འཇར་མན་གྱི་སྲིད་བློན་རྗེས་མར་འགྱུར་སྲིད་པ་ཧྥེ་རི་ཌི་རིཀ་མེར་ཛི།
ཉེ་ཆར་འོས་བསྡུའི་རྒྱལ་ཁ་ཐོབ་པའི་འཇར་མན་གྱི་སྲིད་བློན་རྗེས་མར་འགྱུར་སྲིད་པ་ཧྥེ་རི་ཌི་རིཀ་མེར་ཛི།

ད་སྔ་དབྱིན་ཇི་དང་ཧྥ་རན་སི། ཌན་མག་དང་ནེ་དྷར་ལན་ཌི་སོགས་ཀྱིས་ཡུཀ་རེན་ལ་ཞི་བདེ་སྲུང་དམག་གཏོང་སྲིད་ཀྱང་སི་པེན་དང་ཨི་ཊ་ལི། པོ་ལན་ཌི་སོགས་ཀྱིས་ཡུཀ་རེན་ལ་ཞི་བདེ་སྲུང་དམག་གཏོང་ཐུབ་ཀྱི་མི་འདུག་ཅེས་ལན་བཏབ། འཇར་མན་གྱི་སྲིད་བློན་ཨོ་ལཱབ་ཤོལ་ཛིས་དམག་དཔུང་གཏོང་རྒྱུ་དེར་བསྐྱར་དུ་གྲོས་སྡུར་བྱ་དགོས་ཞེས་ནན་བརྗོད་བྱས་ཀྱང་ཉེ་ཆར་འོས་བསྡུའི་རྒྱལ་ཁ་ཐོབ་པའི་འཇར་མན་གྱི་འདེམས་ཐོན་སྲིད་བློན་ཧྥེ་རི་ཌི་རིཀ་མེར་ཛིས་(Friedrich Merz)་ཞི་བདེ་སྲུང་དམག་གཏང་རྒྱུ་དེར་བསམ་བློ་གཏང་ཆོག་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད། དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱིས་ཟླ་བ་གཅིག་གི་རིང་ཡུཀ་རེན་དང་ར་ཤི་ཡ་གཉིས་ལ་མེ་འཕེན་མཚམས་འཇོག་བྱེད་དུ་བཅུག དེ་ནས་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་ཇི་ལྟར་བྱ་དགོས་མིན་དང་ཞི་བདེ་སྲུང་དམག་གཏང་ཕྱོགས་བཅས་ལ་གྲོས་སྡུར་བྱ་རྒྱུ་རེད་ཅེས་གསར་འགྱུར་ཐོན། ཧྥ་རན་སིའི་སྲིད་འཛིན་གྱིས་ང་ཚོར་ཞི་བདེ་དགོས། བདེ་འཇགས་འགན་ལེན་ཡོད་པའི་ཞི་བདེ་དགོས་ཞེས་བཤད་འདུག

གླེང་སྟེགས།

XS
SM
MD
LG