ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨི་ཇེབ་ཀྱིས་བཏོན་པའི་འཆར་གཞི་དེར་ཨ་རབ་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཐོབ།
གཟའ་ཉི་མ། ༢༠༢༥/༠༤/༡༣

ཨི་ཇེབ་ཀྱིས་བཏོན་པའི་འཆར་གཞི་དེར་ཨ་རབ་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཐོབ།


ཕྱི་ཟླ་༣་པའི་ཚེས་༤་ཉིན་ཚོགས་པའི་ཨ་རབ་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་ཚོའི་ལྷན་ཚོགས།
ཕྱི་ཟླ་༣་པའི་ཚེས་༤་ཉིན་ཚོགས་པའི་ཨ་རབ་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་ཚོའི་ལྷན་ཚོགས།

༄༅།། ཨི་ཇེབ་གཞུང་གིས་གྷ་ཛ་བསྐྱར་དུ་འཛུགས་སྐྲུན་གྱི་འཆར་གཞི་ཞིག་བཏོན་པར་ཨ་རབ་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཐོབ། ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་ས་གནས་གཞན་དུ་སྤོ་དགོས། ཨ་མི་རི་ཀས་གྷ་ཛ་བླངས་ནས་དཀྱིལ་ཤར་ས་ཁུལ་གྱི་མཚོ་ཁའི་སྤྲོ་གསེང་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཞེས་གནས་ལུགས་མེད་པའི་སྐད་ཆ་ཞིག་བཤད། ཕྱི་ཟླ་༣་པའི་ཚེས་༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་ཇེབ་ཀྱི་སྲིད་འཛིན་ཨབ་ཌིལ་ཨལ་ཧྥ་ཏཱ་སི་སིས་(Abdel Fattah el-Sissi)་གྷ་ཛ་བསྐྱར་དུ་འཛུགས་སྐྲུན་གྱི་འཆར་གཞི་དེར་ཨ་རབ་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་པར་རྗེས་སུ་ཡི་རང་ཡོད། གྷ་ཛ་ཐང་གཤོངས་སུ་པ་ལི་སི་ཐན་བ་ས་ཡ་༢་ཙམ་འཚོ་གནས་བྱེད་བཞིན་པ་རྣམས་གནས་སྤོ་བྱེད་མ་དགོས་ན་ལེགས། གྷ་ཛ་བསྐྱར་དུ་འཛུགས་སྐྲུན་བྱེད་པར་ཨ་སྒོར་དུང་ཕྱུར་༥༣༠་འདུ་འགོད་བྱེད་དགོས་ཀྱི་འདུག་ཅེས་བསྒྲགས།།

ཨི་ཇེབ་ཀྱི་འཆར་གཞིའི་ནང་དུ་སྔོན་ལ་གྷ་ཛའི་ས་རྡོའི་འོག་ཏུ་འགས་ཐོར་མ་སོང་བར་ལུས་ཡོད་པའི་སྒྱོགས་མདེལ་རྣམས་བསལ། ཨི་སི་རལ་གྱི་དམག་གིས་གཏོར་བཤིག་བཏང་བའི་གྱོ་རོ་ཊོམ་ས་ཡ་༥༠་ལྷག་ཡོད་པ་རྣམས་གཙང་སྦྲ་བྱ་རྒྱུ། གྷ་ཛའི་པ་ལི་སི་ཐན་བ་ཚོ་རང་ཡུལ་དུ་གནས་སྡོད་བྱེད་པ་ཆོག་པ་དང་ས་ཆ་གཞན་དུ་སྤོ་མི་དགོས། ༢༠༣༠་ཐམ་པའི་མཚམས་སུ་གྷ་ཛའི་འཛུགས་སྐྲུན་ལེགས་འགྲུབ་འབྱུང་དགོས་ཞེས་འཁོད། ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨྷ་མེ་དཱ་ཨ་བྷོལ་གྷེ་ཏས་(Ahmed Aboul Gheit)་ལྷན་ཚོགས་དེའི་སྤྱི་བསྒྲགས་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་གྷ་ཛ་དང་ནུབ་འགྲམ་ལ་ཞི་བདེ་སྲུང་དམག་འཇོག་དགོས། ཨ་རབ་པ་ཚོས་ཞི་བདེ་བདམས་ཡོད་པ་དང་པ་ལི་སི་ཐན་བ་ཚོ་རང་ཡུལ་ནས་མཐར་སྐྲོད་གཏང་མི་ཆོག ཨི་ཇེབ་ཀྱི་འཆར་གཞིའི་ནང་དུ་གྷ་ཛའི་ཆབ་སྲིད་ལ་གཞིགས་ནས་བདེ་འཇུགས་བསྐྲུན་ཐུབ་པའི་ཐབས་ལམ་བསྟན་ཡོད་ཅེས་ནན་གྱིས་བརྗོད།།

ཨི་ཇེབ་ཀྱི་སྲིད་འཛིན་ཨབ་ཌིལ་ཨལ་ཧྥ་ཏཱ་སི་སི།
ཨི་ཇེབ་ཀྱི་སྲིད་འཛིན་ཨབ་ཌིལ་ཨལ་ཧྥ་ཏཱ་སི་སི།

ཕྱི་ཟླ་༣་པའི་ཚེས་༤་ཉིན་དབྱིན་ཇིའི་དར་འཕྲིན་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཨ་རབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་གྷ་ཛ་བསྐྱར་དུ་འཛུགས་སྐྲུན་གྱི་ལས་གཞིའི་ཁོངས་སུ་ཁང་པ་གསར་པ་འབུམ་༢་རྒྱག་རྒྱུའི་ཐག་བཅད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྷ་ཛ་དཀྱིལ་ཤར་ས་ཁུལ་གྱི་སྤྲོ་གསེང་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་འཆར་འགོད་བྱས་པ་དང་ཨ་རབ་རྒྱལ་ཁབ་ཁག་གི་འཆར་གཞི་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་མེད་མོད། འོན་ཀྱང་ཨ་རབ་རྒྱལ་ཁབ་ཁག་གིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་རྒྱལ་ཁབ་གཞན་ལ་གནས་སྤོ་བྱ་དགོས་ཞེས་མ་བཀོད་པར་པ་ལི་སི་ཐན་དབང་འཛིན་ལྷན་ཁང་གིས་གྷ་ཛར་འཛིན་སྐྱོང་བྱ་དགོས། ཧ་མ་སི་ཤོག་ཁག་ལ་ལས་འགན་མེད། གནས་སྐབས་རིང་ཚོགས་ཆུང་ཞིག་ལོགས་སུ་བཙུགས་ནས་གྷ་ཛ་ཐང་གཤིངས་ལ་འཛིན་སྐྱོང་བྱེད་དུ་འཇུག་དགོས་ཞེས་བཀོད། ༢༠༠༦་ནས་ཧ་མ་སི་ཤོག་ཁག་གིས་གྷ་ཛ་དང་པ་ལི་སི་ཐན་དབང་འཛིན་ལྷན་ཁང་གིས་ནུབ་འགྲམ་དང་ར་མ་ལཱ་གཉིས་ལ་དབང་བསྒྱུར་བྱས་ནས་ཤོག་ཁག་གཉིས་སུ་ཆད།།

མིང་འདོན་མ་བྱས་པའི་ཨ་རབ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་ཚོས་ཨི་ཇེབ་ཀྱིས་བཏོན་པའི་འཆར་གཞི་དེར་དཀྱིལ་ཤར་ས་ཁུལ་དུ་རྒྱབ་སྐྱོར་ཆེན་པོ་འདུག དེས་ན་ཨ་རབ་རྒྱལ་ཁབ་ཁག་གི་འཆར་གཞི་དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱས་ནས་ལམ་ལྷོངས་འབྱུང་ཐུབ་ཟེར། ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུའི་གཞུང་གི་ལས་སྣེ་ཞིག་གིས་པ་ལི་སི་ཐན་དབང་འཛིན་ལྷན་ཁང་ལ་གྷ་ཛ་འཛིན་སྐྱོང་བྱེད་དུ་བཅུག་ན་ཉེན་ཁ་ཆེན་པོ་རེད། ཧ་མ་སི་དང་པ་ལི་སི་ཐན་དབང་འཛིན་ལྷན་ཁང་གཉིས་ལ་ཡག་ཉེས་ཀྱི་ཁྱད་པར་ཅི་ཡང་མེད་ཅེས་དགག་པ་བརྒྱབ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྷ་ཛའི་ཁང་པ་བརྒྱ་ཆ་༩༠་ཙམ་དང་རྨང་གཞིའི་མཐུན་རྐྱེན་ཡོད་དོ་ཅོག་ལ་གཏོར་བཤིག་ཕོག་འདུག གྷ་ཛའི་འཛུགས་སྐྲུན་ལ་ཨ་སྒོར་དུང་ཕྱུར་༥༠༠་ལྷག་དགོས་པ་དང་འབྱོར་ཕྱུག་ལྡན་པའི་ཨ་རབ་རྒྱལ་ཁབ་ཁག་གིས་འགྲོ་གྲོན་རོགས་རམ་སྤྲོད་དགོས་ཞེས་འབོད་སྐུལ་ཞུས།།

སྲིད་འཛིན་ཊམ་དང་སྲིད་བློན་ནེ་ཐན་ཡ་ཧུ།
སྲིད་འཛིན་ཊམ་དང་སྲིད་བློན་ནེ་ཐན་ཡ་ཧུ།

ཨ་རབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་ལྷན་ཚོགས་རྗེས་སུ་ཨི་ཇེབ་ཀྱི་སྲིད་འཛིན་ནས་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་དང་ཨབ་རབ་རྒྱལ་ཁབ་ཁག རྒྱལ་སྤྱིའི་སྤྱི་ཚོགས་སོགས་མཉམ་འབྲེལ་གྱིས་ཕྱོགས་ཡོངས་ཀྱི་དཀའ་ངལ་སེལ་ཐབས་དང་པ་ལི་སི་ཐན་གྱི་རྩ་དོན་ཐག་གཅོད། ཨི་སི་རལ་དང་པ་ལི་སི་ཐན་གྱི་འཐབ་འཁྲུག་གི་འབྱུང་རྩ་སེལ་ཐབས། དཀྱིལ་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་འགན་ལེན་ཐུབ་པ། པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་འཛུགས་རྒྱུའི་གྲོས་མོལ་བྱ་རྒྱུར་རེ་ལྟོས་འཆང་ཡོད་ཅེས་སྤྱི་ཚོགས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕྱི་ཇེབ་ཀྱི་ཕྱི་སྲིད་བློན་ཆེན་ནས་ཨི་སི་རལ་གྱི་ལངས་ཕྱོགས་ནི་མཁྲེགས་འཛིན་དང་མཐའ་ལྷུང་རིང་ལུགས་ཤིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལྟར་པ་ལི་སི་ཐང་རང་བཙན་རྒྱལ་ཁབ་ཅིག་མ་བཙུགས་པར་ཨི་སི་རལ་དང་དཀྱིལ་ཤར་ས་ཁུལ་དུ་ཞི་བདེ་འབྱུང་དཀའ། ཨི་སི་རལ་གྱིས་རང་གི་འདོད་པ་ཁོ་ན་གཙིགས་སུ་བཟུང་སྟེ་རྒྱལ་སྤྱིའི་ཁྲིམས་ལ་རྡོག་བརྫིས་གཏོང་གི་ཡོད་པ་རེད་ཅེས་སྐྱོན་བཙུགས།།

ཨི་སི་རལ་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨོ་རེན་མར་མོར་སི་ཊེན་(Oren Marmorstein)་ནས་ཨི་ཇེབ་ཀྱི་འཆར་གཞིའི་ནང་དུ་དོན་དངོས་རྣམས་འཁོད་མི་འདུག ཨ་རབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་ཆེས་མཐོའི་ལྷན་ཚོགས་ཀྱི་སྤྱི་བསྒྲགས་ནང་དུ་༢༠༢༣་ལོའི་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་རྒོལ་རྡུང་བྱས་ནས་དམག་འཁྲུག་བསླངས་པར་ཁ་རྡུང་གཏོང་བ་སོགས་ཅི་ཡང་གསལ་ཁ་ཐོན་མི་འདུག ཨི་ཇེབ་ཀྱི་འཆར་གཞི་དེའི་རྩ་བ་ནི་ལྟ་གྲུབ་རྙིང་པ་ཞིག་ལ་བརྟེན་ཡོད་པ་གསལ་པོ་རེད། ང་ཚོས་སྲིད་འཛིན་ཊམ་གྱིས་བཏོན་པའི་གྷ་ཛ་འཛུགས་སྐྲུན་གྱི་འཆར་གཞི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཌོ་ནལ་ཊམ་གྱིས་གྷ་ཛ་བ་ཚོ་ས་གནས་གཞན་དུ་སྤོ་དགོས་ཟེར་བ་ནི་པ་ལི་སི་ཐན་བ་ཚོར་རང་གི་འདོད་མོས་ལྟར་གདམ་ཀ་བྱེད་ཆོག་པའི་གོ་སྐབས་ཤིག་སྤྲད་པ་རེད་ཅེས་ལན་བཏབ། སྲིད་འཛིན་ཊམ་གྱིས་ཨི་ཇེབ་དང་འཇོར་ཌན་སོགས་ཀྱིས་གྷ་ཛའི་པ་ལི་སི་ཐན་བ་རྣམས་ལེན་དགོས་ཞེས་གནོན་ཤུགས་སྤྲད།།

གྷ་ཛ་ཐང་གཤོངས།
གྷ་ཛ་ཐང་གཤོངས།

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པ་བྷ་རེན་ཧིའུ་སི་(Brain Hughes)་ཡིས་ཨི་ཇེབ་ཀྱིས་བཏོན་པའི་འཆར་གཞི་དེ་ལག་ལེན་བསྟར་ཐུབ་པ་ཞིག་མ་རེད། དེང་སྐབས་གྷ་ཛའི་ས་ཐོག་ཏུ་མི་འཚོ་གནས་བྱེད་མི་ཐུབ་པ་སྟེ། གྱང་རོ་དང་ས་རྡོའི་འོག་ཏུ་འགས་ཐོར་མ་སོང་བའི་སྒྱོགས་མདེལ་ལུས་ཡོད་པ་དེའི་ཁྲོད་དུ་མི་འཚོ་ཐབས་བྲལ། སྲིད་འཛིན་ཊམ་གྱིས་གྷ་ཛ་བསྐྱར་དུ་འཛུགས་སྐྲུན་བྱས་ནས་ཧ་མ་སི་ཤོག་ཁག་མེད་པའི་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུའི་ཕུགས་བསམ་འཆང་ཡོད་པར་འགྱུར་བ་མེད། ང་ཚོས་དཀྱིལ་ཤར་ས་ཁུལ་དུ་ཞི་བདེ་བསྐྲུན་ནས་ཡར་རྒྱས་གཏོང་ཕྱོགས་སུ་གྲོས་མོལ་མང་ཙམ་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཀྲལ། ཧ་མ་སི་ཤོག་ཁག་གིས་ཨ་རབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་གྲོས་ཆོད་ལ་དགའ་བསུ་ཞུས། ཨ་རབ་རྒྱལ་ཁབ་ཁག་དང་ཁ་ཆེའི་རྒྱལ་ཁབ་ཁག་པ་ལི་སི་ཐན་གྱི་ཕྱོགས་སུ་ལངས་ནས་དུས་སྐབས་གསར་པ་ཞིག་འགོ་ཚུགས་པ་རེད། ནུབ་འགྲམ་དང་གྷ་ཛའི་པ་ལི་སི་ཐན་བ་ཚོ་རང་ཡུལ་ནས་མཐའ་སྐྲོད་གཏོང་འཆར་ཡོད་པར་ངོ་རྒོལ་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཨི་སི་རལ་གྱི་རྒོལ་རྡུང་སྐབས་སུ་བསད་པའི་གྷ་ཛའི་པ་ལི་སི་ཐན་བ།
ཨི་སི་རལ་གྱི་རྒོལ་རྡུང་སྐབས་སུ་བསད་པའི་གྷ་ཛའི་པ་ལི་སི་ཐན་བ།

འདས་པའི་ལོ་༡་དང་ཟླ་བ་༣་གྱི་རིང་ཨི་སི་རལ་གྱི་དམག་གིས་ཧ་མ་སི་ཤོག་ཁག་ལ་རྒོལ་ལན་བསློགས་ནས་པ་ལི་སི་ཐན་བ་༤༨༠༠༠་ལྷག་བསད། ཨི་སི་རལ་གྱིས་དྲག་སྤྱོད་པ་༡༧༠༠༠་རྩ་མེད་བཏང་བ་ཡིན་ཞེས་བསྒྲགས་ཀྱང་དེའི་དཔང་རྟགས་ཅི་ཡང་མ་བསྟན། ཨ་མི་རི་ཀའི་སྲིད་གཞུང་ཚང་མས་ཨི་སི་རལ་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཡིན། ཨི་སི་རལ་དང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས། ཨི་སི་རལ་གྱིས་པ་ལི་སི་ཐན་བ་ཚོ་མཐར་སྐྲོད་གཏོང་གི་ཡོད་པར་ངོ་རྒོལ་ཡོད་ཅེས་ལངས་ཕྱོགས་བཟུང་། སྲིད་འཛིན་ཊམ་གྱིས་ཨ་རིའི་སྲིད་གཞུང་སྔོན་མ་ཁག་གི་ལངས་ཕྱོགས་ལ་འགྱུར་བ་བཏང་ནས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་འཛུགས་རྒྱུར་རྒྱབ་སྐྱོར་མ་བྱས་པ་དང་གྷ་ཛའི་པ་ལི་སི་ཐན་བ་ཚོ་རྒྱལ་ཁབ་གཞན་དུ་སྤོ་དགོས་ཞེས་ཨི་སི་རལ་གྱི་འཇིའུ་མི་རིགས་རིང་ལུགས་པ་ཚོའི་མངོན་འདོད་བསྒྲུབས། དེར་བརྟེན་སོ་ཌི་ཨ་རེ་བྷི་ཡ་སོགས་ཀྱིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་མ་བཙུགས་པར་ཨི་སི་རལ་ལ་ཕྱི་འབྲེལ་འཛུགས་རྒྱུ་མིན་ཞེས་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG