༄༅།། འབྲུག་ཡུལ་དུ་བཟོ་གྲྭ་དང་རྡོ་སོལ། རླངས་འཁོར་སོགས་ཀྱི་ནག་རྫས་དུ་རླངས་སམ། ཡང་ན་ཟེ་རླངས་ཀྱི་འབག་བཙོག་མེད་ཀྱང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དེ་འབྲུག་ཡུལ་དུའང་ཁྱབ། ཕྱི་ཟླ་༣་པའི་ཚེས་༣་ཉིན་ཨེ་ཤི་ཡའི་གསར་འགྱུར་དྲྭ་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཕྱི་ཟླ་༨་པའི་ཚེས་༡༠་ཉིན་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུག་གི་བདེ་ཆེན་ཆོས་གླིང་དུ་ཆུ་ལོག་བརྒྱུགས་པ་དང་དྲག་ཆར་བབས། འདས་པའི་ལོ་དེར་འབྲུག་ཡུལ་དུ་སྔོན་ཆད་བྱུང་མྱོང་མེད་པ་ཚ་གདུག་འཕྱུར་བ་ནི་སྐབས་འགར་བྱུང་བའི་གནམ་གཤིས་དྲོད་གྲང་གི་འགྱུར་ལྡོག་ཅིག་མིན་ཞིང་། དེ་ནི་གོ་ལའི་ཁྱོན་དུ་ཚ་དྲོད་རྒྱས་ནས་གངས་རི་དང་འཁྱོག་རོམ་རྣམས་ཞུ། འབྲུག་ཡུལ་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་གསར་འགྱུར་སྤེལ་འདུག
འཛམ་གླིང་གི་བཟོ་ལས་ཡར་ཐོན་དང་ཡར་རྒྱས་འགྲོ་བཞིན་པ། མི་འབོར་མང་བའི་རྒྱལ་ཁབ་ཁག་གིས་བཟོ་གྲྭ་དང་རླངས་འཁོར། གནམ་གྲུ་སོགས་ཀྱི་དུ་བ་ནག་པོ་བར་སྣང་དུ་བཏང་བ་དང་རྡོ་སོལ་གྱི་གློག་ཁང་ཁག་སྒོ་རྒྱག་ཐུབ་ཀྱི་མེད་པས་འབྲུག་ཡུལ་ལྟ་བུའི་རྒྱལ་ཁབ་ཆུང་ཁག་གིས་གནམ་གཤིས་འགྱུར་ལྡོག་གི་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་པར་གྱུར། འབྲུག་ཡུལ་གྱི་རྒྱལ་ཡོངས་ཆུ་ཤུགས་དང་གནམ་གཤིས་བརྟག་དཔྱད་ཁང་གིས་ཆར་ཞོད་འབྱུང་རྒྱུ་སྔོན་དཔག་ཐུབ་ཀྱང་ཆར་ཆུའི་ངར་ཤུགས་དེ་ཚོད་དཔག་མི་ཐུབ། སྔ་ལོའི་ཕྱི་ཟླ་༧་པའི་ཚེས་༡༥་ནས་ཆར་ཞོད་ཆེན་པོ་འབབ་རྒྱུ་འགོ་ཚུགས་ནས་འབྲུག་ཡུལ་གྱི་ཆུ་བོ་རྣམས་བྲུག བདེ་ཆེན་ཆོས་གླིང་ལ་ཆུ་ལོག་བརྒྱུགས་པའི་སྐབས་སུ་མི་༡༥༨་ཆགས་ས་རྟེན་ས་མེད་པར་གྱུར་ཏེ་མི་མང་ཁག་ཅིག་རྒྱལ་པོའི་སྐུ་སྲུང་དམག་གི་ཐབ་ཚང་དུ་གནས་མལ་བཅའ་དགོས་བྱུང་བ་དང་མི་མང་ཁག་ཅིག་རང་གི་གཉེན་ཚན་ཚོའི་ནང་དུ་བསྡད། ཆུ་ལོག་དེས་འབྲུག་ཡུལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་ཁང་ཆེན་བཞི་ཚུད་པའི་ཁང་ཆེན་བཅུ་བསྣུབས།།
འཛམ་གླིང་གི་གནམ་གཤིས་བརྟག་དཔྱད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༤་ལོ་ནི་ཚ་གདུག་ཆེ་ཤོས་ཀྱི་ལོ་ཤིག་ཡིན་རུང་ཚ་གདུག་ཆེ་ཤོས་ཀྱི་ལོ་ཐ་མ་དེ་ཡིན་མི་སྲིད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་གནམ་གཤིས་ཚ་དྲོད་རྒྱས་བཞིན་པ་འགོག་ཐབས་བྱ་རྒྱུའི་ཁས་ལེན་བྱས་ཀྱང་ཆིངས་ཡིག་གི་འབྲུ་དོན་ཁག་དོན་འཁྱོལ་མ་བྱུང་། ལོ་རེ་བཞིན་འཛམ་གླིང་གི་ས་ལའི་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་ན་ཧི་མ་ལ་ཡའི་གངས་རིའི་འདབས་སུ་ཆགས་པའི་འབྲུག་ཡུལ་ལའང་ཆུ་ལོག་དང་ཐན་པ། གངས་རི་དང་འཁྱོག་རོམ་རྣམས་ཞུ་སྟེ་མཚེའུ་འཁྱིལ། རི་ཉིལ་ནས་གཙང་པོ་དང་རྒྱ་ལམ་རྣམས་བཀག ཁང་པ་དང་ས་ཞིང་སོགས་སྣུབ་ཀྱི་ཡོད་པའི་དཀའ་ངལ་གཅིག་རྗེས་གཉིས་མཐུད་དུ་འབྱུང་། ལོ་༢༠་ཐམ་པའི་ཡར་སྔོན་དང་བསྡུར་ན་དེང་སྐབས་གོ་ལའི་བར་སྣང་གི་ཚ་རླངས་བརྒྱ་ཆ་༤༠་མཐོ་རུ་སོང་།།
༢༠༢༣་ལོའི་ཨེ་ཤི་ཡའི་གནམ་གཤིས་ཞིབ་འཇུག་སྙན་ཐོའི་ནང་དུ་འཁོད་པ་ལྟར་ན། འབྲུག་ཡུལ་ནི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཡུལ་རྒྱལ་ཁབ་ཨང་༣༨་པ་དེ་ཡིན་རུང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པའི་ནུས་པ་ཡོད་མཁན་རྒྱལ་ཁབ་ཨང་༦༢་པ་དེ་རེད་ཅེས་བཀོད། འབྲུག་གཞུང་ནས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་གདོང་ལེན་བྱེད་པར་ཨ་སྒོར་ས་ཡ་༣༨༥་འདུ་འགོད་ཐུབ་དགོས་པ་དང་གནས་སྐབས་ཀྱི་ཛ་དྲག་གི་དཀའ་ངལ་ལ་གདོང་ལེན་བྱས་པར་ཨ་སྒོར་ས་ཡ་༦༠༠་དགོས་ཀྱང་འགྲོ་གྲོན་དེ་དག་གང་ནས་ཡོང་དགོས་མིན་གྱི་དམིགས་སྒོ་མེད། ཡིན་ནའང་༢༠༢༤་ལོར་འབྲུག་གཞུང་གིས་རྒྱལ་སྤྱིའི་སྟག་སྲུང་སྐྱོབ་ཀྱི་ཚོགས་ཆེན་ཐེངས་དང་པོ་བསྐོངས་ནས་ཨ་སྒོར་ཐེར་འབུམ་༡་འདུ་འགོད་ཐུབ། འབྲུག་ཡུལ་གྱིས་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་གྲུབ་འབྲས་ཐོན་ཡང་ལོ་ལྟར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་མི་རྙེད།།
ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་འཛམ་གླིང་དངུལ་ཁང་གིས་སྙན་ཐོ་བཏོན་པ་ལྟར་ན། འབྲུག་ཡུལ་ནི་རྒྱལ་ཡོངས་བདེ་སྐྱིད་དོན་གཉེར་བྱེད་བཞིན་པའི་རྒྱལ་ཁབ་ཅིག་ཡིན་རུང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འོག་ནས་ཐར་དཀའ་ཞིང་། དེས་ན་འབྲུག་ཡུལ་གྱིས་གནམ་གཤིས་དང་ཆུ། སྔོན་བརྡའི་ཐབས་ཇུས་རྣམས་རང་བྱུང་ཁམས་ཀྱི་གནོད་འཚེ་འགོག་ཐབས་ཤིག་ཏུ་བསྒྱུར་དགོས། སྔ་ལོ་འབྲུག་ཡུལ་དུ་ཆུ་ལོག་བརྒྱུགས་ནས་རྒྱལ་ས་ཐིམ་ཕུག་གི་ཁང་པ་༧༠་བསྣུབས་པ་དང་༢༠༢༣་ལོར་ཆུ་ལོག་གིས་མི་༢༣་གྱི་ཚེ་སྲོག་ཕྲོགས། ཆུ་ཤུགས་གློག་ཁང་ཁག་ལ་གནོད་འཚེ་ཕོག་པ་དང་༢༠༢༡་ལོར་འབྲུག་ཡུལ་གྱི་རྫོང་ཁག་༡༨་ནང་དུ་ས་ཞིང་ཨེ་ཀ་༢༥༠༠་འདམ་ཉོག་འོག་ཏུ་མནན་ནས་སྟོན་འབྲས་ཊོན་བཅུ་རྩིས་མ་༢༤༠༠་བསྡུ་རྒྱུ་མ་རག འབྲུག་གཞུང་དང་འཛམ་གླིང་དངུལ་ཁང་གཉིས་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་སུ་ལོ་བཅུའི་མཉམ་འབྲེལ་ལས་གཞི་གཉེར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག
འབྲུག་རྒྱལ་ཡོངས་སུ་འཁྱག་རོམ་༧༠༠་དང་འཁྱག་རོམ་ཞུ་བའི་མཚེའུ་༥༦༧་ཡོད་པར་མ་ཟད། འཁྱག་རོམ་ཞུ་ནས་མཚེའུ་༡༧་འཕྱུར་གྲབས་སུ་གྱུར་ཏེ་ཉེན་ཁ་འབྲིང་གྲས་ནས་ཆེ་གྲས་སུ་བསླེབས། འབྲུག་ཡུལ་གྱི་ངལ་རྩོལ་བའི་མི་འབོར་ཕྱེད་ཀས་ཞིང་ལས་གཉེར་ཏེ་ཆར་ཆུ་དང་ཞིང་ཆུ་འདྲེན་གཏོང་ལ་བརྟེན་ནས་འཚོ་བར་རོལ། གལ་སྲིད་འབྲུག་ཡུལ་ཆུ་མང་དྲགས་པ་དང་དཀོན་དྲགས་པ་སོགས་ཀྱི་འགྱུར་བ་ཐེབས་ན་དེའི་མཇུག་འབྲས་ནི་བློ་ཡུལ་དུ་མི་ཤོང་། ད་ལྟ་འབྲུག་ཡུལ་དུ་བཙུགས་ཡོད་པའི་གནམ་གཤིས་བརྟག་དཔྱད་ཀྱི་མཐུན་རྐྱེན་དེ་རྣམས་ཡིད་རྟོན་རུང་བ་ཞིག་མིན་པ་དང་སྐབས་ཐོག་ཏུ་གཞི་གྲངས་རྣམས་ལག་པས་རྩིས་རྒྱག་དགོས་པས་མྱུར་པོ་དང་གཞི་གྲངས་མ་ནོར་བ་ཞིག་འབྱུང་དཀའ། དེ་བཞིན་ཆུ་ལོག་སྔོན་བརྡ་ཁང་ཁག་ཀྱང་ཆུ་ཆེན་ཁག་གི་འཁྲིས་སུ་བཙུགས་ཏེ་ཆུ་བོ་འབྲིང་གྲས་དང་ཆུང་ཁག་ལ་བལྟ་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།