ངོ་འཕྲད་བདེ་བའི་དྲ་འབྲེལ།

site logo site logo
 
འབྲུག་པའི་ན་གཞོན་ཚོས་ཕྱི་སྲིད་དང་འཛམ་གླིང་ལ་འཛིན་པའི་ལྟ་ཚུལ།
གཟའ་པ་སངས། ༢༠༢༥/༠༤/༡༨

འབྲུག་པའི་ན་གཞོན་ཚོས་ཕྱི་སྲིད་དང་འཛམ་གླིང་ལ་འཛིན་པའི་ལྟ་ཚུལ།


འབྲུག་པའི་ན་གཞོན་ཚོས་ཕྱི་སྲིད་དང་འཛམ་གླིང་ལ་འཛིན་པའི་ལྟ་ཚུལ།
འབྲུག་པའི་ན་གཞོན་ཚོས་ཕྱི་སྲིད་དང་འཛམ་གླིང་ལ་འཛིན་པའི་ལྟ་ཚུལ།

༄༅།། འབྲུག་ཡུལ་དང་རྒྱ་གར་གཉིས་ལ་མི་དམངས་དང་མི་དམངས། འགྲིམ་འགྲུལ་དང་སྐྱེལ་འདྲེན། དཔལ་འབྱོར་དང་ཚོང་ལས་བཅས་ཀྱི་འབྲེལ་བ་དམ་ཟབ་ཚུགས། ཕྱི་ཟླ་༢་པའི་ཚེས་༡༧་ཉིན་ལྟ་ཞིབ་ཉམས་ཞིབ་ཐེབས་རྩ་ཁང་གིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། འབྲུག་ཡུལ་གྱི་ན་གཞོན་ཚོ་རྒྱ་གར་ལ་དོ་སྣང་དང་ལྟ་ཚུལ་བཟང་པོ་འདུག ལྷག་པར་དུ་རྒྱ་གར་གྱི་སྐད་ཡིག་དང་གསར་ཤོག རླུང་འཕྲིན་དང་སྤྱི་ཚོགས་དྲྭ་ཚིགས་ཁག་འབྲུག་ཡུལ་དུ་དར་ཁྱབ་ཆེ། རྒྱ་གར་གྱི་གློག་བརྙན་དང་གླུ་གཞས། ཞབས་བྲོ་སོགས་ཀྱིས་འབྲུག་པའི་ན་གཞོན་ཚོ་བློ་ཡིད་རབ་ཏུ་བཀུག ཉེ་དུས་ཤིག་ནས་འཛམ་གླིང་ཡོངས་ལ་ཁ་པར་དང་དྲྭ་རྒྱ་སོགས་ཀྱི་མཐུན་རྐྱེན་ཡག་ཏུ་ཕྱིན་ཏེ་འབྲུག་པའི་ན་གཞོན་ཚོར་ལྷོ་ཀོ་རི་ཡ་དང་ཨོ་གླིང་། ཉི་ཧོང་དང་རྒྱ་ནག ཨ་རི་སོགས་ཀྱི་གློག་བརྙན་དང་གཞས་སོགས་ཀྱི་ཤུགས་རྐྱེན་གསར་པ་ཞིག་ཐེབས་འགོ་ཚུགས།།

འབྲུག་པའི་ན་གཞོན་ཚོས་རྒྱ་གར་གྱིས་འབྲུག་ཡུལ་ལ་དཔལ་འབྱོར་དང་ཕྱི་སྲིད། འཕྲུལ་རིག་དང་ཕྱིར་ཚོང་གི་རྒྱབ་སྐྱོར། འབྲུག་པ་ཚོར་རྒྱ་གར་གྱི་ཁྲོམ་ར་སྒོ་ཕྱི་ནས་འབྲུག་ཡུལ་གྱི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། རྒྱ་གར་ནི་ད་ལྟ་དང་མ་འོངས་པའི་འབྲུག་པའི་ཡིད་རྟོན་རུང་བའི་ཟླ་གྲོགས་རྒྱལ་ཁབ་ཅིག་ཏུ་བརྩིས་ཀྱང་རྒྱ་གར་གཅིག་པུར་བརྟེན་རྒྱུ་ནི་ཉེན་ཁ་ཞིག་ཀྱང་ཡིན་པ་བརྗོད་ཅི་དགོས། འབྲུག་པ་ཚོས་གནས་སྤོའི་གོ་སྐབས་དང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ། འབྲུག་ཡུལ་གྱི་དཔལ་འབྱོར་ཉམས་རྒུད་སོགས་ཕྱོགས་ཡོངས་ལ་བལྟས་ནས་འབྲུག་གཞུང་གིས་ཁེ་ན་ཌ་དང་ཨ་རི། སིངྒ་པུར་དང་དབྱིན་ཡུལ། ལྷོ་ཀོ་རི་ཡ་དང་ཧྥ་རན་སི། རྒྱ་ནག་དང་ར་ཤི་ཡ་སོགས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཞན་ཁག་ལ་ཕྱི་འབྲེལ་བཙུགས་ནས་ཚོང་ལས་དང་དཔལ་འབྱོར། གནས་སྤོ་སོགས་ཀྱི་འབྲེལ་བ་བཙུགས་ན་དགེ་མཚན་ཆེ་བའི་ལྟ་ཚུལ་ཐོན།།

འབྲུག་པའི་ན་གཞོན་ཚོས་རྒྱ་ནག་ལ་སྡང་ཟུག་གམ། ཡང་ན་རྒྱ་ནག་ལ་དགའ་མོས་ཀྱང་བྱེད་ཀྱི་མེད་ཅིང་། གལ་སྲིད་ཕྱོགས་གཉིས་བར་དུ་འབྲེལ་བ་ཚུགས་ན་ཚོང་ལས་ཙམ་ལས་མི་དམངས་དང་མི་དམངས་ཀྱི་འབྲེལ་བ་ཚུགས་དཀའ། འབྲུག་པ་ཚོ་རྒྱ་ནག་ཏུ་བསྐྱོད་ནས་སློབ་སྦྱོང་བྱ་རྒྱུ་དང་ལས་ཀ་འཚོལ་རྒྱུའི་འདུན་པ་ཆུང་། རྒྱ་ནག་སྟོབས་འབྱོར་རྒྱས་པ་ཉེན་ཁ་ཞིག་ཏུ་རྩི་ཡི་མེད་པ་ལྟར་རྒྱ་ནག་སྟོབས་འབྱོར་རྒྱས་ན་འབྲུག་ཡུལ་ལ་ཕན་ཐོགས་འབྱུང་བའི་རེ་ལྟོས་ཀྱང་མི་འཆང་། འབྲུག་པའི་ན་གཞོན་ཚོ་རྒྱ་ནག་གི་རིག་གཞུང་དང་གློག་བརྙན་སོགས་ལ་ཅུང་ཙམ་དགའ་མོས་ཆེ། འབྲུག་པའི་ན་གཞོན་ཚོ་ཨོ་གླིང་དུ་སློབ་སྦྱོང་དང་གནས་སྤོ་བྱ་རྒྱུར་ཧ་ཅང་དགའ་བས་རྒྱལ་ཁབ་དེའི་གསར་འགྱུར་དང་རིག་གཞུང་། གློག་བརྙན་སོགས་ལ་འབྲུག་པའི་ན་གཞོན་ཚོ་ཤིན་ཏུ་མོས།།

BHUTAN-JAPAN-ROYALTY-DIPLOMACY
BHUTAN-JAPAN-ROYALTY-DIPLOMACY

འབྲུག་པའི་ན་གཞོན་ཚོ་ཕྱི་སྲིད་དང་དཔལ་འབྱོར་གྱི་ལས་རིགས་ཐོག་ཏུ་ཉི་ཧོང་ལ་དགའ་མོས་ཡོད་པ་དང་ཉི་ཧོང་གིས་མ་རྩ་བཙུགས་ནས་འབྲུག་ཡུལ་འཕེལ་རྒྱས་གཏང་ན་དགེ་མཚན་ཆེ་བའི་བསམ་ཚུལ་བཟུང་། ཉི་ཧོང་དང་འབྲུག་ཡུལ་གཉིས་ནང་པའི་རྒྱལ་ཁབ་ཡིན་པས་འབྲུག་པའི་ན་གཞོན་ཚོ་ཉི་ཧོང་གི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་། ཉི་ཧོང་དུ་འགྲིམ་འགྲུལ་བྱ་རྒྱུ་སོགས་ལ་འཐད། ཨ་རི་དང་འབྲུག་པའི་མི་དམངས་ལ་ཐད་ཀར་འབྲེལ་བ་ཆེན་པོ་མེད་པར་མ་ཟད། ཨ་རིའི་ཕྱི་སྲིད་དང་དཔལ་འབྱོར་སྲིད་ཇུས་ལ་འབྲུག་པའི་ན་གཞོན་ཚོ་དགའ་མོས་དེ་ཙམ་མེད་མོད། འོན་ཀྱང་ཨ་རིའི་རིག་གཞུང་ལ་འབྲུག་པའི་ན་གཞོན་ཚོ་དགའ་མོས་ཡོད་པ་དང་ཨ་མི་རི་ཀར་སློབ་སྦྱོང་ངམ། གཏན་སྡོད་གཞིས་ཆགས་སུ་ཡོང་རྒྱུར་ཡིད་རབ་སྤྲོ།།

སིངྒ་པུར་གྱི་འབྲུག་ཡུལ་ལ་མ་རྩ་འཛུགས་འཇོག་དང་རོགས་སྐྱོར། ཚན་རིག་དང་འཕྲུལ་རིག་གི་རོགས་སྐྱོར་བྱས་ནས་འབྲུག་པའི་ན་གཞོན་ཚོ་རྒྱལ་ཁབ་དེར་ལྟ་ཚུལ་བཟང་། འབྲུག་པ་ཚོ་ལྷོ་ཀོ་རི་ཡ་དང་ཐེ་ལན་ཌི་གཉིས་ལ་རིག་གཞུང་དང་མི་དམངས་ཀྱི་འབྲེལ་བ་འཛུགས་རྒྱུར་དགའ། འབྲུག་པ་ཚོ་དབྱིན་ཡུལ་དང་ཁེ་ན་ཌར་སློབ་སྦྱོང་དང་གཏན་སྡོད་གཞིས་ཆགས་སུ་བསྐྱོད་རྒྱུའི་འདུན་པ་ཆེ། འབྲུག་ཡུལ་དང་བངྒ་ལ་རྒྱལ་ཁབ་ལ་དཔལ་འབྱོར་གྱི་འབྲེལ་བ་ཚུགས། འབྲོག་པ་ཚོས་དུས་རབས་མང་པོར་ཕྱི་ལ་སྒོ་བརྒྱབ་ནས་ལོགས་སུ་བསྡད། དུས་རབས་༢༠་པའི་སྨད་ནས་འབྲུག་གཞུང་གིས་ཕྱི་ལ་སྒོ་མོ་ཕྱེ་སྟེ་ན་གཞོན་ཚོ་ཕྱི་ལ་བསྐྱོད། ད་ལྟ་འབྲུག་པའི་ན་གཞོན་ཁྲི་ཚོ་མང་པོ་ཨོ་གླིང་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་དང་གཏན་སྡོད་གཞིས་ཆགས་སོང་། དེང་སྐབས་འབྲུག་ཡུལ་ལ་ཤེས་ཡོན་ཅན་དང་ཆེད་ལས་པ་དཀོན་པའི་དཀའ་ངལ་འཕྲད།།

འབྲུག་ཡུལ་གྱི་ངལ་རྩོལ་བ་བརྒྱ་ཆ་༤༠་ཞིང་ལས་དང་བརྒྱ་ཆ་༢༥་སྤྱི་དམངས་ལས་རིག་ཁག་ཏུ་ཞུགས། འབྲུག་ཡུལ་ལ་བཟོ་ལས་དང་ཚོང་ལས་སོགས་དར་འཕེལ་བྱུང་མེད་པས་ན་གཞོན་ལས་མེད་ཀྱི་གྲངས་ཚད་བརྒྱ་ཆ་༢༩་ལོངས། འཛམ་གླིང་ཡོངས་ལ་པྲོག་དབྱིབས་ན་དུག་ཁྱབ་ནས་འབྲུག་ཡུལ་གྱི་དཔལ་འབྱོར་ཉམས། ༢༠༢༢་གཅིག་པུར་འབྲུག་པ་༡༧༠༠༠་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤོས། ༢༠༢༤་ཡི་མཚམས་སུ་འབྲུག་པ་༦༤༠༠༠་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་ཟིན་པ་དེས་རྒྱལ་ཁབ་དེའི་མི་འབོར་བརྒྱ་ཆ་༩་ཟིན། འབྲུག་པ་ཚོ་གཏན་སྡོད་གཞིས་ཆགས་སུ་བསྐྱོད་ཡུལ་གཙོ་ཆེ་བ་ནི་ཨོ་གླིང་དང་ཁེ་ན་ཌ། ཡུ་རོབ་དང་དབྱིན་ཡུལ་རྣམས་ཡིན་ཞིང་། མི་འབོར་འབུམ་༧་ལས་མེད་པའི་འབྲུག་ཡུལ་ལ་མཚོན་ཆ་མི་གྲངས་ཁྲི་ཚོ་འགའ་ཞིག་ཕྱི་ལ་ཤོར་ན་མི་འབོར་ཉུང་འཕྲིའི་ཤུགས་རྐྱེན་ཆེན་པོ་ཐེབས།།

དུས་རབས་སྔོན་མའི་ལོ་རབས་༦༠་པ་ནས་རྒྱ་གར་གྱི་རོགས་སྐྱོར་འོག་འབྲུག་གཞུང་གིས་སྲོལ་རྒྱུན་གཅེས་འཛིན་དང་དེང་རབས་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་སྙོམས་པོ་ཞིག་ལག་ལེན་བསྟར། འབྲུག་གཞུང་གིས་རྒྱལ་ཡོངས་ཀྱི་བདེ་སྐྱིད་ཅེས་སྤྱི་ཚོགས་དང་དཔལ་འབྱོར། ཆོས་ལུགས་དང་རིག་གཞུང་། ཁོར་ཡུག་རྣམས་གལ་ཆེན་ཡིན་པ་འདྲ་མཉམ་དུ་བརྩིས། དེར་བརྟེན་འབྲུག་ཡུལ་ལ་རྒྱ་དཀར་ནག་གཉིས་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་སྲིད་ཇུས་ཤིག་དར། འབྲུག་གཞུང་གིས་ས་ཁྱོན་བརྒྱ་ཆ་༦༠་ནགས་ཚལ་དུ་འཇོག་དགོས་པའི་ཐག་གཅོད་བྱས་པ་དང་དེའི་འབྲས་བུར་འབྲུག་ཡུལ་ནི་འཛམ་གླིང་འདིར་ནག་རྫས་དུད་རླངས་མེད་པའི་རྒྱལ་ཁབ་གཉིས་ཡོད་པ་དེའི་གཅིག་དེར་གྱུར། ད་ལྟའི་འབྲུག་ཡུལ་གྱི་ན་གཞོན་ཚོའི་བསམ་བློའི་ལྟ་བ་དང་འདུ་ཤེས་ནི་རྒྱལ་ཁབ་ཀྱི་མདུན་ལམ་ལ་འབྲེལ་བ་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG