༄༅།། རྒྱ་གར་གྱི་ནུབ་བངྒ་ལ་མངའ་སྡེའི་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ལ་འབྲུག་ཡུལ་གྱི་ཞིང་ལས་དང་འབྲོག་ལས་བློན་ཆེན་ཡོན་ཏན་ཕུན་ཚོགས་མཉམ་ཞུགས་བྱས་འདུག ཁོང་གིས་འབྲུག་ཡུལ་དང་རྒྱ་གར་གྱི་ནུབ་བངྒ་ལ་མངའ་སྡེའི་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་ནན་གྱིས་བརྗོད། ཕྱི་ཟླ་༢་པའི་ཚེས་༥་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་འབྲུག་ཡུལ་གྱི་ཞིང་ལས་དང་འབྲོག་ལས་བློན་ཆེན་ཡོན་ཏན་ཕུན་ཚོགས་(Younten Phuntsho)་ཀྱིས་ནུབ་བངྒ་ལ་མངའ་སྡེ་ནི་རྒྱ་གར་ཙམ་མིན་པར་འཛམ་གླིང་གི་ཡར་རྒྱས་ཀྱི་མཚོན་རྟགས་ཤིག་རེད། ས་གནས་འདི་འཛམ་གླིང་གི་མ་རྩ་འཛུགས་ས་ཤིག་ཏུ་གྱུར་ཡོད་པ་དང་འབྲུག་ཡུལ་ནི་རང་བྱུང་ནུས་ཤུགས་གཙང་མའི་འབྱུང་ཁུངས་འཚོལ་སྒྲུབ་ཀྱི་སྣེ་ཁྲིད་པ་ཡིན། ནུབ་བངྒ་ལ་མངའ་སྡེའི་ཁེ་ལས་ཁག་གིས་འབྲུག་ཡུལ་དུ་མ་རྩ་བཙུགས་ཏེ་ཚོང་ལས་གཉེར་དུ་ཤོག་ཅེས་མགྲོན་འབོད་བྱས་འདུག
༢༠༢༥་ལོའི་ནུབ་བངྒ་ལ་མངའ་སྡེའི་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ལ་འབྲུག་ཡུལ་དང་བལ་ཡུལ། དབྱིན་ཡུལ་དང་ཉི་ཧོང་། འཇར་མན་ཎི་དང་ནེ་དྷར་ལན་ཌི། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁེ་ནི་ཡ་དང་མོ་རོ་ཀོ་སོགས་རྒྱལ་ཁབ་༤༠་ལྷག་གི་སྐུ་ཚབ་༢༠༠་ལྷག་དང་ཟླ་གྲོགས་རྒྱལ་ཁབ་༢༠་ཐམ་པའི་སྐུ་ཚབ་རྣམས་མཉམ་ཞུགས་བྱས་ཤིང་། ཁོ་ཚོས་ནུབ་བངྒ་ལ་མངའ་སྡེའི་ནང་དུ་ཚོང་ལས་བཙུགས་པ་དང་མ་རྩ་འཛུགས་འཇོག ནུབ་བངྔ་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མམ་ཏ་བྷ་ནར་ཇཱི་(Mamata Banerjee)་སོགས་ལ་ཐུག་འཕྲད་གྲོས་མོལ་བྱས་འདུག འབྲུག་པའི་ཞིང་ལས་དང་འབྲོག་ལས་བློན་ཆེན་ཡོན་ཏན་ཕུན་ཚོགས་ཀྱིས་འབྲུག་ཡུལ་དང་ནུབ་བངྒ་ལ་མངའ་སྡེ་གཉིས་ལ་ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་ཅེས་བསྟན། གལ་སྲིད་རྒྱ་གར་གྱི་ནུབ་བངྒ་ལ་མངའ་སྡེ་ནས་འབྲུག་ཡུལ་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཐུབ་ན་འགྲིམ་འགྲུལ་དང་སྐྱེལ་འདྲེན། ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་སྲ་བརྟན་གཏོང་ཐུབ་རྒྱུའི་གསར་འགྱུར་ཐོན་འདུག
ཕྱི་ཟླ་༢་པའི་ཚེས་༤་ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་(Rajanath Singh)་གིས་འབྲུག་ཡུལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དཔའ་བརྟུལ་ཚེ་རིང་(Batoo Tshering)་ལ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་རྒྱལ་སྲུང་འབྲེལ་བ་ཡར་རྒྱས། རྒྱ་གར་གཞུང་ནས་འབྲུག་ཡུལ་གྱི་རྒྱལ་སྲུང་ལ་གལ་གནད་ཆེ་བའི་དམག་དོན་ཡོ་བྱད་རྣམས་མཁོ་སྤྲོད་བྱེད་ཆོག་ཅེས་ཁས་བླངས། རྒྱ་གར་དང་འབྲུག་ཡུལ་གྱི་རྒྱལ་སྲུང་འབྲེལ་བ་ནི་ཕྱོགས་གཉིས་ཀྱི་མཉམ་འབྲེལ་སྲ་བརྟན་དང་ལྷོ་ཨེ་ཤི་ཡར་ཞི་བདེ་བརྟན་ལྷིང་བསྐྲུན་ནས་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུའི་དམིགས་ཡུལ་ཡིན་ཞེས་བསྒྲགས། འབྲུག་ཡུལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དཔའ་བརྟུལ་ཚེ་རིང་ཉིན་༦་ལ་ལྡི་ལི་གསར་པར་འཚམས་འདྲིར་ཕེབས་ཏེ་རྒྱ་གར་གྱིས་ཐོག་མཐའ་བར་གསུམ་དུ་འབྲུག་ཡུལ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞེས་ཞུས། རྒྱ་གར་གཞུང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཨང་དང་པོར་འཛིན་པའི་སྲིད་ཇུས་ཁོངས་སུ་འབྲུག་ཡུལ་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ཞེས་བསྐྱར་དུ་བཟློས།།
འབྲུག་ཡུལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དཔའ་བརྟུལ་ཚེ་རིང་གིས་ང་ཚོས་རྒྱ་གར་ལ་མཉམ་འབྲེལ་བྱས་ནས་དམག་སྦྱོང་དང་མངའ་ཁུལ་དེའི་ཞི་བདེ་སྲུང་སྐྱོབ་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པར་འགྱུར་བ་མེད་ཅེས་ནན་བརྗོད་བྱས་པར་མ་ཟད། ༢༠༡༧་ལོར་རྒྱ་ནག་གིས་འབྲོག་ལམ་ཁུལ་དུ་རྒྱ་ལམ་ཞིག་འཛུགས་སྐྲུན་བྱས་ནས་རྒྱ་གར་གྱིས་དམག་དཔུང་བཏང་སྟེ་འབྲུག་ཡུལ་གྱི་མངའ་ཁོངས་དང་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ཁུར་བླངས། དེ་ནས་བཟུང་སྟེ་རྒྱ་གར་དང་འབྲུག་ཡུལ་གྱི་རྒྱལ་སྲུང་འབྲེལ་བ་སྔར་ལས་ཤུགས་ཆེ་རུ་སོང་། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དང་བདེ་སྲུང་སློབ་སྟོན་པ། ཕྱི་སྲིད་དྲུང་ཆེ་བཅས་ཀྱིས་འབྲུག་ཡུལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དཔའ་བརྟུལ་ཚེ་རིང་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་ཅིང་། འབྲུག་ཡུལ་གྱི་སྲིད་བློན་ཟུར་པ་བློ་གྲོས་ཚེ་རིང་གིས་རྒྱ་ནག་ལ་ས་མཚམས་ཀྱི་རྩོད་གཞི་ཁག་སེལ་རྒྱུའི་གྲོས་མོལ་བྱས་ནས་རྒྱ་གར་ལ་དོགས་འདྲོག་ཆེན་པོ་ལངས།།
ཕྱི་ཟླ་༢་པའི་ཚེས་༤་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་་རྒྱ་གར་གྱི་མ་ཧ་ཀུམྦ་ཆོས་ལུགས་དུས་ཆེན་ལ་ཕེབས་ཏེ་ཆུ་མོ་གངྒ་དང་ན་མུ་ན། ལྐོག་གྱུར་གྱི་ས་ར་སྭ་ཏི་ཆུ་བོ་གསུམ་མཉམ་དུ་འདུས་པའི་མཚམས་དེར་སྐུ་ཁྲུས་གསོལ། རྒྱ་གར་གྱི་ཨུ་ཏར་པྲ་དེ་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡོ་གི་ཨ་དྷི་ཡ་ན་ཐ་དང་མངའ་སྡེའི་བློན་ཆེན་ཁག་འབྲུག་རྒྱལ་པོའི་ལྷན་དུ་བཅར་ནས་སྒྲིབ་སྦྱོང་ཆོ་ག་བསྒྲུབས། འབྲུག་རྒྱལ་པོ་རྒྱ་གར་གྱི་ཨུ་ཏར་པྲ་དེ་ཤ་མངའ་སྡེའི་རྒྱལ་ས་ལག་ན་ཝོ་གྲོང་ཁྱེར་དུ་འབྱོར་བའི་དུས་སུ་སྒྱུ་རྩལ་བ་ཚོས་འཁྲབ་སྟོན་དང་གླུ་གར་གྱིས་བསུས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་ཀྱིས་སྤྲོ་སེམས་ཁོལ་བའི་དགའ་བསུ་ཞུས། ཨུ་ཏར་པྲ་དེ་ཤ་མངའ་སྡེའི་སྤྱི་ཁྱབ་ཀྱིས་འབྲུག་རྒྱལ་པོར་གསོལ་སྟོན་བཤམས་ནས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་གོང་འཕེལ་དང་རིག་གཞུང་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མོལ་ལྷུག་པོ་བྱས་འདུག
རྒྱ་གར་གྱི་མ་ཧ་ཀུམྦ་ཆོས་ལུགས་དུས་ཆེན་ནི་ལོ་༡༢་རེ་དང་ལོ་༦་རེའི་མཚམས་སུ་འཚོགས་ཀྱི་ཡོད་པས་དུས་ཆེན་དེར་མི་ས་ཡ་མང་པོ་འདུས། ཉིན་ལྟར་རྒྱ་གར་བ་འབུམ་༥་ལྷག་གིས་ཆུ་བོ་གསུམ་འདུས་མཚམས་སུ་ལུས་པོ་བཀྲུས་ནས་སྒྲིབ་སྦྱོང་དགེ་སྒྲུབ་ཀྱི་ལས་སུ་ཞུགས། ཁ་སྔོན་ཕྱི་ཟླ་དང་པོའི་ཚེས་༡༣་ནས་ཧ་མ་ཀུམྦ་ཆོས་ལུགས་དུས་ཆེན་འགོ་ཚུགས། ཕྱི་ཟླ་༢་པའི་ཚེས་༤་ཉིན་ཨེ་ཊི་ལན་ཊིཀ་དུས་དེབ་ནང་དུ་ཉིན་གྲངས་༤༥་ལ་འཚོགས་ཀྱི་ཡོད་པའི་མ་ཧ་ཀུམྦ་ཆོས་ལུགས་དུས་ཆེན་འདིར་རྒྱ་གར་བ་དུང་ཕྱུར་༤་ཙམ་འདུ་རྒྱུའི་ཚོད་དཔག་བྱས་འདུག རྒྱ་གར་བ་ཚོས་དཀར་ཕྱོགས་ཀྱི་ལྷ་རྣམས་ནག་ཕྱོགས་ཀྱི་བདུད་ལས་རྣམ་པར་རྒྱལ་བའི་དུས་ཆེན་སྐབས་འདིར་ཆུ་མོ་གངྒ་དང་ཡ་མུ་ནའི་ནང་དུ་ལུས་པོ་བཀྲུས་ན་སྡིག་པ་རྣམས་དག་སྟེ་སླར་ཡང་འཁོར་བར་སྐྱེ་མི་དགོས་པར་ཐར་པ་ཐོབ་ཀྱི་ཡོད་པའི་ཡིད་ཆེས་བྱེད་དོ།།
གླེང་སྟེགས།