༄༅།། རྒྱ་གར་དང་བངྒ་ལ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་རྒྱ་ནག་གིས་འབྲུག་པའི་ས་མཚམས་ཁག་ཏུ་གྲོང་ཚོ་འཛུགས་སྐྲུན་བྱས་ནས་འབྲུག་ཡུལ་ནི་རྒྱ་གར་གྱི་བདེ་འཇགས་ལ་སྔར་ལས་གནད་འགག་ཆེ་རུ་ཕྱིན་འདུག ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༢༨་ཉིན་རྒྱ་གར་གྱི་ཊི་རི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མི་ཏ་ཤཱ་(Amit Shah)་ཡིས་ཀ་ལི་ཀ་ཏ་གྲོང་ཁྱེར་དུ་བངྒ་ལའི་སྲིད་གཞུང་འཕོ་འགྱུར་བྱུང་སྟེ་རྒྱ་གར་དང་བངྒ་ལའི་མཛའ་འབྲེལ་ལ་འགྱུར་བ་ཐེབས་ཀྱི་འདུག ད་ལྟ་རྒྱ་གར་བྱང་ཤར་ཕྱོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲུག་ཡུལ་སྔར་ལས་གནད་འགག་ཆེ་རུ་ཕྱིན་ཡོད་ཅེས་བསྒྲགས། ཁ་སྔོན་ཕྱི་ཟླ་༡༢་པའི་ཚེས་༦་ཉིན་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་རྒྱ་གར་ལ་འཚམས་འདྲིར་འབྱོར། དེ་ནི་འདས་པའི་ལོ་༡་དང་ཟླ་བ་༨་ཀྱི་ནང་དུ་འབྲུག་ཡུལ་གྱི་རྒྱལ་པོ་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་ཐེངས་གསུམ་པ་ཡིན་པ་དང་འཚམས་འདྲི་དེ་ཚོར་དམིགས་བསལ་གྱི་དགོས་པ་ཞིག་ཡོད་ངེས་རེད་ཅེས་གསར་འགྱུར་སྤེལ་འདུག
༢༠༢༤་ལོར་འབྲུག་གཞུང་གིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱ་ཐབས་ཀྱི་གསར་འགྱུར་གང་ཡང་མ་ཐོན། ༢༠༢༣་ལོའི་ཕྱི་ཟླ་དང་པོའི་ནང་འབྲུག་ཡུལ་དང་རྒྱ་ནག་གིས་གོམ་སྟབས་གསུམ་གྱི་ལམ་སྟོན་ཞེས་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཕྱོགས་གཉིས་ཀྱི་མཁས་པའི་ཚོགས་ཆུང་གི་ཚོགས་འདུ་ཐེངས་༡༡་པ་དང་༡༢་པ། ༡༣་བཅས་ཚོགས། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་གཞུང་ཚབ་པ་འཇོག་རེས་བྱ་རྒྱུའི་གླེང་སློང་བྱུང་། ལོ་དེའི་ཕྱི་ཟླ་༣་ནང་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་(Lotay Tshering)་གིས་བྷེལ་ཇེམ་གྱི་ཚགས་པར་ཞིག་གི་གསར་འགོད་པར་ང་ཚོས་གང་མགྱོགས་འབྲོག་ལམ་ཚུད་པའི་ས་མཚམས་ཀྱི་རྩོད་གཞི་ཁག་རྒྱ་ནག་ལ་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་ཐུབ་གྲབས་ཡོད། འབྲུག་ཡུལ་དང་རྒྱ་ནག་གཉིས་མི་མཐུན་པའི་འགལ་ཟླ་ཆེན་པོ་མི་འདུག་ཅེས་གསར་འགོད་པར་ལན་འདེབས་བྱས་ནས་རྒྱ་གར་དོགས་འདྲོག་ཆེན་པོ་ལངས།།
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ནེ་ཀ་ཝ་ཏྲ་(Vinay Kwatra)་འབྲུག་ཡུལ་དུ་ཕེབས་ནས་སྲིད་བློན་བློ་གྲོས་ཚེ་རིང་གི་སྐད་ཆའི་ནང་དོན་ཁག་ཞིབ་ཕྲ་དྲིས། འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་འཕྲལ་དུ་ལྡི་ལི་གསར་པར་ཕེབས་ཏེ་སྲིད་བློན་མོ་དྷི་དང་ནང་མོལ་བྱུང་། ཕྱི་སྲིད་དྲུང་ཆེ་ཀ་ཝ་ཏྲས་རྒྱ་གར་གྱིས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་དགོས་ངེས་ཀྱི་བྱ་ཐབས་ཁག་ལག་ལེན་བསྟར་ངེས་ཡིན་ཞེས་གསལ་བསྒྲགས་སྤེལ། སྲིད་བློན་མོ་དྷིས་འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལ་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་རྩོད་གཞི་དེ་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཆགས་ཡོད་པ་ཞིབ་གསལ་བཀྲལ། སྔ་མོ་ནས་འབྲུག་གཞུང་གིས་རྒྱ་ནག་ལ་གྲོས་མོལ་བྱ་དགོས་ན་དེའི་སྡོན་དུ་རྒྱ་གར་ལ་ནང་མོལ་གྲོས་སྡུར་བྱ་དགོས་པའི་ལམ་སྲོལ་ཞིག་ཚུགས། སྲིད་བློན་བློ་གྲོས་ཚེ་རིང་གིས་ངའི་སྲིད་གཞུང་འཕོ་འགྱུར་འགྲོ་བར་ཟླ་བ་གཅིག་ལས་མེད། ང་ཚོས་ས་མཚམས་ཀྱི་རྩོད་གཞི་ཁག་སེལ་བའི་གྲོས་མཐུན་ཞིག་འཇོག་ཐུབ་གྲབས་ཡོད་ཅེས་བསྟན།།
༢༠༢༣་ལོའི་ཕྱི་ཟླ་༡༠་པའི་ནང་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་(Tandi Dorji)་རྒྱ་ནག་ལ་འཚམས་འདྲིར་བསྐྱོད། ཁོང་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱིས་ས་མཚམས་དབྱེ་འབྱེད་ཐད་མཉམ་འབྲེལ་བྱ་རྒྱུ་དང་འབྲུག་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱ་རྒྱུའི་གྲོས་མཐུན་བཞག ཝང་དབྱིས་འབྲུག་གཞུང་ནས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་དགོས་ཞེས་ནན་གྱིས་བསྐུལ། རྟ་མགྲིན་རྡོ་རྗེ་ནི་འབྲུག་ཡུལ་གྱི་བློན་ཆེན་ཞིག་རྒྱ་ནག་ཏུ་སྐྱོད་མཁན་དང་པོ་ཡིན་ཞིང་། རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་ཐེངས་༢༥་བའི་རྗེས་སུ་རྟ་མགྲིན་རྡོ་རྗེས་ཕྱོགས་ཀྱི་གྲོས་མོལ་དེ་ཡར་རྒྱས་མྱུར་པོ་འགྲོ་བཞིན་ཡོད་ཅེས་བཤད། དེར་བརྟེན་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་ལ་དངངས་འཚབ་ཆེན་པོ་བྱུང་སྟེ་ཉིན་ཤས་རྗེས་སུ་སླར་ཡང་འབྲུག་རྒྱལ་པོ་ལྡི་ལི་གསར་པར་ཕེབས་དགོས་ཞེས་མགྲོན་དུ་བསུས། འབྲུག་གཞུང་གིས་དགེ་ལེགས་ཕུག་ཏུ་དཔལ་འབྱོར་དམིགས་བསལ་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གྲོས་སྡུར་ཆེད་དུ་རྒྱལ་པོ་རྒྱ་གར་ལ་ཕེབས་པ་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ།།
ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་འབྲུག་ཡུལ་ལ་འོས་བསྡུ་བྱས་ནས་སྲིད་བློན་བློ་གྲོས་ཚེ་རིང་བསྐྱར་དུ་འདེམས་ཐོན་མ་བྱུང་བ་དང་སྲིད་བློན་ཟུར་པ་ཚེ་རིང་སྟོབས་རྒྱལ་(Tshering Tobgay)་ལ་འོས་བསྡུའི་རྒྱལ་ཁ་ཐོབ། དེ་ནས་བཟུང་སྟེ་འབྲུག་ཡུལ་དང་རྒྱ་ནག་གི་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་དེ་གླེང་སློང་བྱ་རྒྱུ་མཚམས་ཆད། འབྲུག་ཡུལ་ལ་མི་འབོར་འབུམ་༧་ལས་མེད་པ་དང་མི་འབོར་ཕྱེད་ཀ་ཙམ་ལོ་༣༠་མན་ཆད་ཡིན་པ་གཞི་གྲངས་སུ་འཁོད། ༢༠༢༣་གཅིག་པུར་འབྲུག་པ་༡༥༠༠༠་ཡས་མས་ཤིག་ཨོ་གླིང་དང་ཁེ་ན་ཌ། ཨ་རི་སོགས་ལ་གཏན་སྡོད་གཞིས་ཆགས་སུ་སྤོས། འབྲུག་ཡུལ་ལ་ཨ་སྒོར་དུང་ཕྱུར་༣༠་ཐམ་པའི་དཔལ་འབྱོར་སྟོབས་ཤུགས་ལས་མེད་པ་དང་དཔལ་འབྱོར་ཡོང་འབབ་མང་ཆེ་བ་ཆུ་ཤུགས་གློག་ཁང་དང་ཡུལ་སྐོར་སྤྲོ་འཆམ། རྒྱ་གར་གྱི་དཔལ་འབྱོར་རོགས་རམ་བཅས་ལ་བརྟེན་ཡོད་པ་སྟེ། རྒྱ་གར་གྱིས་འབྲུག་པའི་ལོ་ལྔའི་འཆར་གཞི་༡༢་པ་དེར་ཧིན་སྒོར་བྱེ་བ་༥༠༠༠་དང་ལོ་ལྔའི་འཆར་གཞི་༡༣་པ་དེར་ཧིན་སྒོར་བྱེ་བ་༡༠༠༠༠་སྤྲད་འདུག
འབྲུག་ཡུལ་དང་རྒྱ་ནག་གིས་ས་མཚམས་ཀྱི་རྩོད་གཞི་ཁག་ལ་གྲོས་མོལ་བྱས་ནས་ཐག་གཅོད་ཇི་ལྟར་བྱས་ཀྱང་འབྲོག་ལམ་རྒྱ་ནག་གི་ལག་ཏུ་ཤོར་ན་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ལྡོག་ཏུ་མེད། འབྲོག་ལམ་ནི་རྒྱ་གར་གྱི་ཤི་རི་གུ་རི་འགག་འཕྲང་དོག་མོ་དེ་དང་རྒྱང་ཐག་རིང་པོ་མེད་ཅིང་། གལ་སྲིད་རྒྱ་ནག་གིས་དམག་བརྒྱབ་ནས་ཁྱིམ་བྱའི་སྐེ་དབྱིབས་ལྟ་བུའི་ཤི་རི་གུ་རིའི་འགག་འཕྲང་དེ་བཀག་ཚེ། རྒྱ་གར་གྱི་སྐམ་ས་ཆེན་མོ་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་འབྲེལ་བ་བཅད། ཤི་རི་གུ་རི་འགག་འཕྲང་དོག་མོ་ནི་བངྒ་ལ་རྒྱལ་ཁབ་ལའང་ས་མཚམས་འདྲེས། ད་ལྟའི་བར་དུ་རྒྱ་གར་དང་བངྒ་ལ་གཉིས་འབྲེལ་བ་བཟང་པོ་ཡོད་པར་བརྟེན། བངྒ་ལའི་ཕྱོགས་ནས་ཤི་རི་གུ་རི་འགག་འཕྲང་དོག་མོ་བཀག་ནས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་ལོགས་སུ་ཆད་རྒྱུའི་ཉེན་ཀ་མ་བྱུང་། ཟླ་ཤས་གོང་དུ་བངྒ་ལའི་སྲིད་གཞུང་མགོ་རྟིང་བསློགས་ནས་སྲིད་བློན་ཤེག་ཧ་སི་ན་རྒྱ་གར་དུ་བྲོས། ད་ལྟའི་བངྒ་ལའི་སྲིད་གཞུང་གསར་པ་དང་རྒྱ་གར་གཉིས་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པས་ཤི་རི་གུ་རི་འགག་འཕྲང་དོག་མོར་ཕྱོགས་གཉིས་ནས་ཉེན་ཁ་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག
ཁ་སྔོན་ཕྱི་ཟླ་༡༢་པའི་ཚེས་༡༨་ཉིན་རྒྱ་གར་གྱི་ཧྥར་སི་ཊི་པོ་སི་ཊི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༦་ནས་རྒྱ་ནག་གིས་འབྲུག་ཡུལ་གྱི་ས་མཚམས་དང་འབྲུག་པའི་ས་ཐོག་ཏུ་གྲོང་ཚོ་༢༢་འཛུགས་སྐྲུན་བྱས་ནས་མངའ་ཁོངས་རྒྱ་བསྐྱེད། གྲོང་ཚོ་༢༢་ཀྱི་ནང་ནས་གྲོང་ཚོ་༨་འབྲོག་ལམ་གྱི་འཁྲིས་སུ་ཆགས་ཡོད་པ་དང་གྲོང་ཚོ་དེ་རྣམས་འབྲུག་ཡུལ་གྱི་ནུབ་ཕྱོགས་ས་གནས་ཁག་གི་སྲུང་སྐྱོབ་ལ་ཉེན་ཁ་ཞིག་ཏུ་གྱུར། གྲོང་ཚོ་འགའ་ཞིག་ནི་རྒྱ་ནག་གི་དམག་སྒར་ཁག་དང་ཐག་ཉེ་ཡིན་པས་དམག་དོན་འཐབ་ཇུས་ལ་དམིགས་ཡོད་པ་ར་འཕྲོད། རྒྱ་ནག་གིས་ཤི་རི་གུ་རི་འགག་འཕྲང་དོག་མོ་དེར་དམིགས་ནས་འབྲུག་ཡུལ་ལ་འབྲོག་ལམ་ཚུར་སྤྲོད་དགོས། རྒྱ་ནག་གིས་བོད་ཀྱི་ས་ཆ་གཞན་ཞིག་འབྲུག་ཡུལ་ལ་སྤྲོད་ཆོག་ཅེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གསར་འགྱུར་ཐོན། རྒྱ་གར་གྱིས་ཤི་རི་གུ་རི་འགག་འཕྲང་དོག་མོ་སྲུང་སྐྱོབ་བྱེད་མ་ཐུབ་ན་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཁག་དང་རྒྱ་གར་གྱི་ས་གནས་གཞན་རྣམས་ཡུག་གཅིག་ཏུ་གནས་ཐུབ་རྒྱུ་ཤིན་ཏུ་དཀའ།།
༢༠༡༧་ལོར་རྒྱ་ནག་གིས་འབྲོག་ལམ་ཕྱོགས་སུ་རྒྱ་ལམ་འཛུགས་སྐྲུན་བྱས་པ་དང་རྒྱ་གར་གྱི་དམག་བཏང་ནས་རྒྱ་ནག་གི་འཛུགས་སྐྲུན་བཀག རྒྱ་དཀར་ནག་གཉིས་ཀས་འབྲོག་ལམ་ཕྱོགས་སུ་དམག་དཔུང་བཀྲམ་ནས་ཉི་མ་༧༣་ལ་འཐབ་འཁྲུག་གི་གྲབས་བཤམས། མཐར་ཕྱོགས་གཉིས་ཀས་འབྲོག་ལམ་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱས་ཀྱང་རྩོད་གཞི་དེའི་འབྱུང་རྩ་སེལ་མ་ཐུབ་པར་ལུས། རྒྱ་ནག་གིས་ཅི་ཙམ་འབྲུག་ཡུལ་བློ་འགུགས་བྱས་པ་དང་ས་མཚམས་ཀྱི་རྩོད་གཞི་སེལ་དགོས། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་འཛུགས་དགོས་ཞེས་སྐུལ་ལྕག་བཏང་ན་རྒྱ་གར་གཞུང་ནས་དེ་ཙམ་གྱིས་འབྲུག་རྒྱལ་པོ་དང་སྲིད་བློན་སོགས་ལྡི་ལི་གསར་པར་མགྲོན་འབོད་བྱ་རྒྱུ་མང་དུ་འགྲོ་སྲིད་པར་མ་ཟད། རྒྱ་གར་གྱིས་འབྲུག་ཡུལ་ལ་ཆབ་སྲིད་དང་དམག་དོན། ཕྱི་སྲིད་དང་དཔལ་འབྱོར། ཚོང་ལས་དང་འཛུགས་སྐྲུན། ཤེས་ཡོན་སློབ་གསོ་དང་ཡུལ་སྐོར་སྤྲོ་འཆམ། རིག་གཞུང་སོགས་ཀྱི་འབྲེལ་བ་ཟབ་ཏུ་བཏང་སྟེ་འབྲུག་ཡུལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་རྒྱུ་འགོག་གི་ཡོད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།