ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཐེ་ཝན་གྱི་དམག་དཔོན་ཞིག་སོ་པའི་དོགས་གཞིའི་འོག་བཀག་ཉར་བྱས་འདུག 


༄༅།། ཐེ་ཝན་གྱི་དམག་དཔོན་ཞིག་དང་ཁ་མཐུན་པ་ཞིག་གིས་མཚོ་གླིང་དེའི་དམག་དོན་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་ལྡིང་དཔོན་རུས་མིང་ཤེ་ཟེར་བ་ཞིག་དང་ཁ་མཐུན་པ་ཞིག་བཅས་མི་གཉིས་བཀག་ཉར་བྱས་པ་ཡིན། ཁོ་ཚོས་ཐེ་ཝན་གྱི་དམག་དོན་དང་རྒྱལ་སྲུང་གི་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱས་པའི་དོགས་པ་ཡོད་ཅེས་བསྒྲགས། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ། མཚོ་འགག་ཕྱོགས་གཉིས་ལ་དམག་འཁྲུག་ལང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པའི་སྐབས་འདིར་རྒྱ་ནག་གིས་ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་བསྡུ་རུབ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་རྒྱ་ནག་ལ་སྤྲོད་མཁན་ཚོར་དངུལ་སྒོར་མང་པོ་རག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ལྡིང་དཔོན་ཤེ་དང་ཁ་མཐུན་པ་ཚོས་ཐེ་ཝན་གྱི་དམག་དཔོན་ལས་ཐོག་དང་དམག་དཔོན་ཟུར་པ་ཚོ་བསྡུས་ནས་སོ་པའི་ཚོགས་པ་རྩ་འཛུགས། ཁོ་ཚོར་ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་དུ་བཅུག་སྟེ་རྒྱ་ནག་ལ་སྤྲོད་དགོས་པའི་ལས་འགན་བཅོལ། ཐེ་ཝན་གཞུང་གིས་མདའ་དཔོན་ཟུར་པ་ཞིག་དང་རོགས་པ་གཉིས་ལའང་འདྲི་གཅོད་བྱས་ཤིང་། ཁོ་ཚོས་ཐེ་སྒོར་༢༠༠༠༠་ནས་ཐེ་སྒོར་༦༠༠༠༠༠་རེ་གཏའ་མར་བཞག་སྟེ་གློད་གྲོལ་ཐོབ། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་མི་ངན་ཉུང་ཤས་ཀྱིས་རྒྱལ་ཁབ་ལ་སྲུང་སྐྱོབ་བྱ་རྒྱུའི་ཚབ་ཏུ་རང་ཡུལ་དང་མི་དམངས་ལ་རྒྱབ་གཏོད་བྱས་ནས་ཁྲིམས་འགལ་བྱེད་ཀྱི་ཡོད་པ་ནི་ཧ་ཅང་གི་ཐབས་རྡུགས་ཤིག་རེད་ཅེས་གསལ་བསྒྲགས་སྤེལ། ཐེ་ཝན་གཞུང་གིས་ལྡིང་དཔོན་ཤེ་སོགས་བཀག་ཉར་བྱས་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་བཏང་ཡོད་པའི་གསང་ཉུལ་རྣམས་གང་སར་འཛུལ་ཏེ་འགོག་དཀའ། ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་དང་དམག་དོན་མི་སྣ། མི་མང་དཀྱུས་མ་བཅས་སྤྱི་ཚོགས་ཀྱི་རིམ་པ་ཚང་མར་རྒྱ་ནག་གི་གསང་ཉུལ་ཁྱབ་ཡོད་སྲིད་པའི་གནས་ཚུལ་ཐོན་འདུག

ཐེ་ཝན་གྱི་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལྡིང་དཔོན་ཤེ་ནི་མཚོ་གླིང་དེའི་མཁའ་དམག་དཔུང་སྡེ་༦༠༡་གི་དམག་དཔོན་ཡིན་ཞིང་། ཁོ་པས་རྒྱ་ནག་གིས་བསྐོ་འཛུགས་བྱས་པའི་རུས་མིང་གཅིག་པ་ཤེ་ཟེར་བའི་བར་མི་ཞིག་ལ་ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་རྣམས་སྤྲད་ཡོད་པའི་རྟགས་མཚན་ཐོན། ཐེ་ཝན་གྱི་ཁྲིམས་རྩོད་པ་དང་སྤྱི་ཁྱབ་ཁྲིམས་འཛིན་པ་ཟུར་པ་ཝེང་ཝེ་ལུན་(Weng Weilun)་གྱིས་སྔོན་ཆད་དམག་དཔོན་ཟུར་པ་ཁག་ཅིག་ཕྱི་རྒྱལ་ལ་གུང་སེང་དུ་བསྐྱོད་པའི་དུས་སུ་དངུལ་སྒོར་མང་པོ་བླངས་ཏེ་དམག་དོན་གསང་བའི་གནས་ཚུལ་བཙོངས་པའི་གནས་ཚུལ་བྱུང་ཡོད་པ་རེད། དེང་སྐབས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ལས་ཐོག་དམག་དཔོན་ཚོར་དངུལ་སྒོར་སྤྲད་ནས་འགུགས་ཐབས་བྱེད་ཀྱི་འདུག ཁོ་ཚོའི་ལག་ནས་ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་བསྡུ་རྒྱུའི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་འདུག་ཟེར། ཐེ་ཝན་གྱི་སྤྱི་ཁྱབ་ཁྲིམས་འཛིན་པ་ཟུར་པ་ཁྲེན་ཙུང་ཡོན་(Chen Zongyuan)་གྱིས་ཀྱང་ཝེང་ཝེ་ལུན་གྱི་སྐད་ཆར་མོས་མཐུན་བྱས་འདུག

ཕྱི་ཟླ་༨་པའི་ཚེས་༢་ཉིན་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ལྡིང་དཔོན་ཤེ་དང་ཁ་མཐུན་པ་དེས་ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་གང་འདྲ་ཞིག་རྒྱ་ནག་ལ་སྤྲད་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་ཕྱིར་བསྒྲགས་མ་བྱུང་མོད། གལ་སྲིད་ཁྲིམས་བཤེར་དུས་སུ་ལྡིང་དཔོན་ཤེ་ཡིས་ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་རྒྱ་ནག་ལ་སྤྲད་ཡོད་པ་ར་སྤྲོད་བྱུང་ཚེ། ཐེ་ཝན་གྱི་རྒྱབ་གཏོད་ཉེས་ཁྲིམས་ལྟར་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཆད་འཕོག་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་དང་འབྲེལ་ཡོད་བདེ་འཇགས་ལས་ཁུངས་ཁག་གིས་ལྡིང་དཔོན་ཤེ་རྒྱ་ནག་གི་གསང་ཉུལ་ཡིན་པའི་དོགས་པ་བྱུང་། ཁོ་ཚོས་ཐེ་ཝན་གྱི་དམག་དང་རྒྱལ་སྲུང་ལྷན་ཁང་གི་ནང་ཁུལ་དུ་ཞིབ་འཇུག་བྱས་ནས་དཔང་རྟགས་རྙེད་པ་ཐེ་ཝན་གྱི་ཁྲིམས་འཛིན་ལྷན་ཁང་ལ་རྩིས་སྤྲད། ད་ལྟ་ཐེ་ཝན་གྱི་ཁྲིམས་འཛིན་ལྷན་ཁང་གིས་གྱོད་གཞི་དེར་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༢་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བསྡུས་པའི་གསང་ཉུལ་གྲས་སུ་ཐེ་ཝན་གྱི་དམིགས་བསལ་དཔུང་སྡེ་དང་མཁའ་དམག་གི་དམག་དཔོན་ལས་ཐོག་འགའ། དམག་དཔོན་ཟུར་པ་སོགས་མི་སྣ་ཚོགས་ཤིག་འདུས། ཐེ་ཝན་གྱི་དམག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་གི་གསང་ཉུལ་བཀག་ནས་འཐབ་རྩོད་བྱ་དགོས་པར་མ་ཟད། ཐེ་ཝན་གྱི་རྒྱབ་སྐྱོར་བ་གཙོ་བོ་ཨ་མི་རི་ཀས་ཀྱང་མཚོ་གླིང་དེར་དེང་རབས་ཅན་གྱི་མཚོན་ཆ་སྤྲད་ན་འཕྲུལ་རིག་ལག་རྩལ་ལ་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཡིན་མིན། ཨ་མི་རི་ཀས་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དམག་དོན་ཡོ་བྱད་རྣམས་ཐེ་ཝན་གྱིས་བདག་པོ་བརྒྱབ་ནས་རྒྱ་ནག་གི་ལག་ཏུ་མ་ཤོར་བ་ཞིག་བྱ་ཐུབ་རྒྱུ་ཡིན་མིན་ཐད་བློ་འཚབ་བྱུང་། ཨ་མི་རི་ཀར་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་བཙོང་དགོས་པའི་ལས་འགན་ཡོད་ཀྱང་ཨ་རིས་ཉི་ཧོང་དང་ལྷོ་ཀོ་རི་ཡར་འཚོང་གི་ཡོད་པའི་མཚོན་ཆ་དང་དམག་གྲུ། ཨ་རིའི་ཐོན་རིམ་ལྔ་པའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོགས་ཐེ་ཝན་ལ་བཙོང་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༢༤་ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་ཏི་ཡ་པོ་ལོ་རྩེད་རིགས་མཐུན་ཚོགས་ཀྱི་ཚོགས་མི་ལུ་ཅི་ཞན་(Lu Chi Hsien)་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་བཀུག ཁོ་པར་དངུལ་སྒོར་སྤྲད་ནས་ཐེ་ཝན་གྱི་དམག་དོན་མི་སྣ་ལས་ཐོག་དང་ཟུར་པ་ཚོར་འབྲེལ་བ་བྱེད་དུ་བཅུག ལུ་ཅི་ཞན་ལ་གསང་བའི་གནས་ཚུལ་མཁོ་སྒྲུབ་དང་གསང་ཉུལ་གྱི་ཚོགས་པ་འཛུགས་དགོས་པའི་ལས་འགན་བབས། ཁོ་པས་གསང་ཉུལ་བསྡུ་བའི་ལས་འགན་སྒྲུབ་སྟངས་དེ་ཐུན་མོང་མ་ཡིན་པ་ཞིག་རེད། ལུ་ཅི་ཞན་ནས་ཐེ་ཝན་གྱི་དམག་སྒར་ཁག་གི་འགྲམ་དུ་དངོས་པོ་གཏའ་མར་འཇོག་སའི་ཚོང་ཁང་དང་དངུལ་སྒོར་བསྐྱི་ས། བུ་ལོན་འདེད་མཁན་གྱི་ཚོགས་པ་ཡོད་པ་དེ་དག་གི་ནང་གི་ཚོགས་མི་ཚོར་འབྲེལ་བ་བྱས་ནས་ཐེ་ཝན་གྱི་དམག་དོན་མི་སྣ་ཚོར་འབྲེལ་བ་འཛུགས་ཐབས་བྱས་འདུག་ཅེས་སྤྱི་ཁྱབ་ཁྲིམས་འཛིན་པ་གཞོན་པ་ཚེ་ཝེ་དབྱིས་གསར་འགོད་གསལ་བསྒྲགས་སྤེལ། ཕྱི་ཟླ་༧་པའི་ཚེས་༡༩་ཉིན་ཐེ་ཝན་གཞུང་གིས་དམག་དཔོན་ཟུར་པ་ལི་དང་ཀྲང་ཞེས་པའི་སྐྱེས་པ་གཉིས་དང་རུས་མིང་ལིན་ཡིན་པའི་བུད་མེད་གཉིས་བཅས་མི་༤་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན།།

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་སུན་ལི་ཧྥང་
ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་སུན་ལི་ཧྥང་

ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༡༧་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གཞུང་ནས་མཚོ་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་ཤ་ཧྥུ་ཤང་དང་གྲོས་ཚོགས་འཐུས་མི་ཟུར་པ་ལོའོ་ཀྲི་མཱིང་གཉིས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལ་འགལ་འཛོལ་བྱས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོ་དང་དམག་དཔོན་ཟུར་པ་ཚོར་ཐུག་འཕྲད་བྱས་པ་རེད། ཁོ་ཚོས་འབྲེལ་བ་བརྒྱུད་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐེ་ཝན་གྱི་དམག་དོན་མི་སྣ་ཟུར་པ་ཚོར་འབྲེལ་བ་བྱས་ནས་སོ་པའི་ཚོགས་པ་བཙུགས། ཐེ་ཝན་གྱི་ལས་སྣེ་ཟུར་པ་དེ་དག་གིས་༢༠༡༣་ནས་༢༠༡༨་བར་དུ་ཐེ་ཝན་གྱི་དམག་དོན་མི་སྣ་ཟུར་པ་༤༨་སྒེར་ངོས་ནས་འགྲོ་གྲོན་གཏོང་མ་དགོས་པར་རྒྱ་ནག་སྐམ་ས་ཆེན་མོར་ལྟ་སྐོར་དུ་ཐེངས་༡༣་ཁྲིད་འདུག ཁོ་ཚོས་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་དགོས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་རེད་ཅེས་ནག་ཉེས་བཀལ། ཤ་དང་ལོའོ་གཉིས་ལ་ནག་ཉེས་ཐོན་ན་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཆད་འཕོག་སྲིད་པའི་གནས་ཚུལ་ཐོན་འདུག

ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཝང་ཏིང་ཡུའི་
ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཝང་ཏིང་ཡུའི་

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་སུན་ལི་ཧྥང་གིས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པར་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐེ་ཝན་གྱི་དམག་གི་ནང་དུ་གསང་ཉུལ་འཛུགས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་པོ་ཕྱིར་བསྒྲགས་བྱུང་བ་རེད། དེ་ནི་ཐེ་ཝན་གྱི་གསང་བའི་ལས་ཁུངས་ནས་རྒྱ་ནག་གི་གསང་ཉུལ་ལ་ཁ་གཏད་གཅོག་པའི་ལས་དོན་དེར་ནུས་པ་ཐོན་གྱི་ཡོད་པའི་རྟགས་སུ་མངོན། ང་ཚོས་མ་འོངས་པར་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་ཐབས་མང་པོ་ལག་ལེན་བསྟར་འཆར་ཡོད། ཐེ་ཝན་གྱི་དམག་དང་གསང་བའི་ལས་ཁུངས་གཉིས་ཀྱིས་སྔར་བཞིན་རྒྱ་ནག་གི་གསང་ཉུལ་འགོག་པར་མཉམ་འབྲེལ་དམ་ཟབ་བྱེད་ཀྱི་ཡོད་ཅེས་བཤད། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཝང་ཏིང་ཡུའི་ཡིས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པའི་ཐེ་ཝན་གྱི་དམག་མི་རྣམས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་དམིགས་འབེན་དུ་འཛིན་གྱི་འདུག སྔོན་ཆད་ཐེ་ཝན་གྱི་དམག་སྒར་ཁག་གི་ཕྱི་ལོགས་སུ་བུ་མོ་མཛེས་མ་ཤིང་ཏོག་འཚོང་མཁན་ཡོད་པ་རེད། ཁོ་ཚོས་ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་བསྡུས་ནས་རྒྱ་ནག་ལ་སྤྲད་པ་རེད་ཅེས་གཏམ་བཤད་བྱས་འདུག

འབྲེལ་ཡོད།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ ༡༢ ཚེས ༢༣
please wait

No live streaming currently available

0:00 0:00 Live
XS
SM
MD
LG