༄༅། ཡོ་རོབ་རྒྱལ་ཁབ་སུད་སི་གཞུང་གིས་སྙན་ཐོ་འདོན་སྤེལ་བྱས་པའི་ནང་ཡུལ་དེར་སུད་གནས་འཁོད་བོད་མི་དང་ཡུ་གུར་བ་ཚོས་ས་གནས་ཀྱི་བོད་མི་ཚོ་དང་ཡུ་གུར་བ་གཞན་གྱི་ཐོག་ལ་རྒྱ་གཞུང་གིས་སོ་མྱུལ་བྱེད་འཇུག་གི་འདུག་ཅེས་བཀོད་འདུག
དེ་ཨེ་ཨེཕ་པི་གསར་ཁང་གིས་སྤེལ་བའི་གསར་འགྱུར་ནང་སུད་སི་གཞུང་གི་སྙན་ཐོ་དེའི་ནང་སུད་སི་ནང་གནས་འཁོད་བོད་མི་དང་ཡུ་གུར་བའི་ཐོག་ལ་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ཏེ་མྱུལ་ཞིབ་དང་གནོན་ཤུགས་སྤྲོད་བཞིན་པ་དང། ལྷག་པར་དུ་བོད་དང་ཡུ་གུར་གྱི་ཆབ་སྲིད་ཐོག་ལ་དོན་གཉེར་བྱེད་མཁན་དང་ལས་འགུལ་བ་ཚོར་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པར་ལྟ་ཞིབ་བྱེད་ཀྲི་འདུག་པ་མ་ཟད། ཁོང་ཚོའི་འགྲོ་སྡུག་སྤྱོད་གསུམ་ལ་པར་དང་བརྙན་ལེན་བྱས་པ་དང་སྙན་ལེན་བྱེད་ཀྱི་ཡོད་སྐོར་སྙན་ཐོའི་ནང་གསལ་འདུག་ཅེས་འགྲེལ་བརྗོད་བྱས་འདུག
དེ་བཞིན། བོད་དོན་དང་ཡུ་གུར་གྱི་གནད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་མཁན་སུད་སིའི་མི་སེར་ཚོ་ལ་ལྟ་སྲུང་བྱ་ར་བྱེད་བཞིན་ཡོད་པ་མ་ཟད། ཁོང་ཚོའི་དྲ་ཐོག་ལ་གསང་འཛུལ་གྱིས་གཏོར་བཅོམ་བྱེད་བཞིན་ཡོད་པའི་རྟགས་མཚན་ཡང་འདུག་ཅེས་སྙན་ཐོའི་ནང་གསལ་གྱི་ཡོད་པ་རེད།
སུད་སི་གཞུང་གིས་འདོན་སྤེལ་བྱས་པའི་སྙན་ཐོ་དེ་དེའི་གོང་སུད་སི་ནང་གི་Basel གཙུག་ལག་སློབ་ཁང་གིས་འདོན་སྤེལ་བྱས་པའི་སྙན་ཐོ་ལ་གཞི་བཞག་བྱས་ཏེ་ཕྱོགས་བསྒྲིགས་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད།
རྒྱལ་མཚམས་བརྒལ་ནས་རྒྱལ་ཁབ་གཞན་ནང་དྲག་གནོན་བྱེད་བཞིན་པ་དེ་འཇིགས་སྐུལ་རིང་ལུགས་ནང་བཞིན་མངོན་གསལ་དོད་པ་མེད་ནའང། ཕུགས་རྒྱང་རིང་པོར་དེ་རིགས་ཀྱིས་སུད་སི་ཡི་རང་དབང་གཙང་མའི་བདག་དབང་ལ་ཉེན་འཚབ་ཆེན་པོ་བཟོ་བཞིན་ཡོད་རེད་ཅེས་སྙན་ཐོའི་ནང་འཁོད་འདུག
ལྷག་པར་དུ་ཆེས་འཐོན་གསར་གྱི་འཕྲུལ་རིག་དང་ཆིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་བར་མཉམ་ལས་ཇེ་ཆེར་འགྲོ་བཞིན་པ་གཉིས་ཀྱི་རྐྱེན་པས་རྒྱལ་ཁབ་གཞན་ནང་སོ་མྱུལ་ལས་འགུལ་སྤེལ་བཞིན་པ་དེ་ཇེ་མང་དུ་འགྲོ་ཉེན་ཡོད་རེད་ཅེས་སྙན་ཐོའི་ནང་འཁོད་ཡོད་པ་རེད།
ཡང་སུད་སི་ནང་བརྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གསུངས་དོན་ལ། རྒྱ་ནག་གཞུང་གིས་ཡུལ་དེའི་ནང་གནས་འཁོད་བོད་མིའི་ཐོག་ལ་ཤུགས་རྐྱེན་གཏོང་ཐབས་བྱེད་བཞིན་ཡོད་པའི་སྐོར་ཕྱི་ལོ་༢༠༡༩ ལོ་ནས་བཟུང་སུད་སི་གཞུང་ལ་སྙན་གསེང་ཞུས་ཡོད་པ་དང་། སུད་སི་གཞུང་གིས་གནད་དོན་དེར་གདོང་ལེན་གནང་དགོས་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སི་ལ་མཚམས་གཟིགས་གནང་བའི་སྐབས་སུ་ཡང་སུད་སི་གཞུང་ལ་ཡང་ཡང་འབོད་སྐུལ་བྱས་ཡོད་རེད་ཅེས་སུད་སི་དོན་གཅོད་ལས་འགུལ་ཁུངས་ཀྱིས་འགྲེལ་བརྗོད་གནང་བའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ནང་གནས་ཚུལ་བཀོད་འདུག
སུད་སི་ནང་རྒྱ་ནག་གཞུང་གིས་ལས་འགུལ་དེ་རིགས་སྤེལ་དགོས་དོན་དེ་ཡུལ་དེའི་ནང་ཡོད་པའི་བོད་མི་དང་ཡུ་གུར་བ་ཚོས་ཆབ་སྲིད་ལས་འགུལ་སྤེལ་མ་ཐུབ་པ་བཟོ་རྒྱུའི་དམིགས་ཡུལ་བཅངས་ཡོད་རེད་ཅེས་དང། ཡུལ་དེའི་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ཁག་ལ་རྒྱ་ནག་གི་གསང་བའི་ལྷན་ཁང་ཚོས་ལྟ་ཞིབ་བྱེད་བཞིན་ཡོད་པ་ཡང་སྙན་ཐོའི་ནང་གསལ་ཡོད་པ་རེད།
རྒྱ་ནག་གི་སོ་མྱུལ་བ་ཚོས་ཕྱི་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་ཕྲུག་སོགས་ཡིན་ཁུལ་བྱས་ཏེ་སུད་སི་ནང་སོ་མྱུལ་གྱི་ལས་འགུལ་སྤེལ་བཞིན་པ་དང། བོད་མི་དང་ཡུ་གུར་བ་ཚོར་འཆར་ཅན་ལྟ་ཞིབ་དང་སུན་བརྩེ་གང་བྱུང་བཟོ་བཞིན་ཡོད་དུས། ཁོང་ཚོ་འཇིགས་སྣང་གྱི་རྣམ་པའི་ཐོག་ནས་གནས་དགོས་ཀྱི་ཡོད་པ་དང་འབྲེལ། ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྦྱོད་རྒྱུར་འགོག་རྐྱེན་བྱུང་བཞིན་ཡོད་པ་སྙན་ཐོའི་ནང་གསལ་གྱི་ཡོད་པ་རེད།
གླེང་སྟེགས།