ཧྥ་རན་སིའི་རྒྱལ་སའི་ནང་མི་བཟོས་རིག་ནུས་ཀྱི་ལག་རྩལ་སྐོར་གྱི་འཛམ་གླིང་གི་དབུ་ཁྲིད་རྣམས་དང་། ཆེད་ལས་མི་སྣའི་གལ་ཆེའི་ཚོགས་ཆེན་ཐོག་ལ་མིས་བཟོས་རིག་ནུས་ཀྱི་ལག་རྩལ་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང་། ཆེས་མྱུར་པོའི་ཐོག་ནས་ཡར་རྒྱས་འགྲོ་བཞིན་པའི་རིག་ནུས་བེད་སྤྱོད་བྱེད་ཕྱོགས་ཀྱི་ལམ་སྟོན་ཞིག་ཀྱང་གཏན་འབེབས་བྱ་རྒྱུ་ཡིན་པའི་སྐོར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་འདུག
ཚོགས་ཆེན་དེ་ནི་མིས་བཟོས་རིག་ནུས་ཐད་ལ་སྟངས་འཛིན་སྐོར་གྱི་འཛམ་གླིང་རང་བཞིན་གྱི་གྲོས་མོལ་གསར་ཤོས་ཤིག་ཡིན་ནའང་ཉེ་ཆར་རྒྱ་ནག་གིས་ཌིབ་སིག་ཟེར་བའི་རིག་ནུས་དེ་ཆེས་གསར་པ་དང་རིན་གོང་ཆུང་ངུའི་ཐོག་ནས་བཟོ་བསྐྲུན་བྱས་པའི་རྗེས་སུ་ཌིབ་སིག་རིག་ནུས་ཀྱི་བདེ་འཇགས་སོགས་ཀྱི་གནད་དོན་ཁག་ནི་གྲོས་མོལ་གྱི་བརྗོད་གཞི་གཙོ་བོ་དེ་ཆགས་རྒྱུ་ཡིན་པ་དང་།འཛམ་གླིང་གི་རྒྱལ་ཁབ་མང་པོས་བདེ་འཇགས་ཐད་ལ་བློ་འཚབ་ཀྱི་རྐྱེན་པས་རྒྱ་ནག་གིས་བཟོ་བསྐྲུན་བྱས་པའི་མིས་བཟོས་རིག་ནུས་དེ་གཞུང་གི་ལས་ཁུངས་སོགས་ནང་བེད་སྤྱོད་བྱེད་རྒྱུ་བཀག་འགོག་བྱེད་ཀྱི་ཡོད་པ་རེད།
ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ནང་གི་མིས་བཟོས་རིག་ནུས་སྐོར་གྱི་འཛམ་གླིང་གི་ཚོགས་ཆེན་དེ་ནི་ཕྱི་ཟླ་ ༢ ཚེས་ ༡༠ ནས་འགོ་འཛུགས་གནང་ཡོད་པ་དང་། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་དང་རྒྱ་གར་གྱི་སྲིད་བློན་མུ་དྷི་རྣམ་གཉིས་ནས་གོ་སྒྲིག་གནང་བའི་ཉིན་གཉིས་ཀྱི་ཚོགས་ཆེན་དེར་ཨ་རིའི་སྲིད་འཛིན་སྐུ་གཞོན་ཇཱེ་ཌེ་ཝན་སཱི་ཕེབས་ཡོད་པ་དེ་ནི་ཁོང་ནས་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་རྗེས་ཀྱི་ཕྱིའི་རྒྱལ་ཁབ་ལ་གཟིགས་སྐོར་དང་པོ་དེ་ཡིན་པ་རེད།
ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་རྒྱལ་ཁབ་ཁྱོན་༨༠ཙམ་ནས་ཆབ་སྲིད་ཀྱི་དབུ་ཁྲིད་དང་ཚོང་དོན་དང་ཆེད་ལས་མི་སྣ་སོགས་ཕེབས་ཡོད་ཅིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དམིགས་བསལ་སྐུ་ཚབ་ཤིག་བཏང་ཡོད་པ་དེས་རྒྱ་ནག་ནས་ཀྱང་ཚོགས་ཆེན་འདི་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་པ་རེད།
འཛམ་གླིང་གི་ཚོགས་ཆེན་དེའི་དམིགས་ཡུལ་གཙོ་བོ་ནི་མིས་བཟོས་རིག་ནུས་དེ་མི་ཚང་མར་ཕན་ཐོགས་པ་ཞིག་ཏུ་བེད་སྤྱོད་བྱེད་ཐབས་དང་། ཡང་རིག་ནུས་འདིའི་ཉེན་ཁ་སྣ་ཚོགས་པ་རྣམས་སྟངས་འཛིན་བྱེད་ཐབས་ཐད་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད།
གནས་ཚུལ་ཐོན་གསལ་བྱས་ན་ཨ་རིའི་འབྱོར་ལྡན་པ་དང་ཌེ་སེ་ལཱ་མོ་གྲའི་བདག་པོ་ཨེ་ལོན་མཱ་སི་ཁེ་དེ་སྔ་༢༠༢༣ལོའི་ཚོགས་ཆེན་ཐོག་ལ་ཕེབས་ཡོད་པ་ལྟར་ད་ལོའི་ཚོགས་ཆེན་ལའང་གདན་འདྲེན་ཞུས་ཡོད་པ་དང་དེ་བཞིན་རྒྱ་ནག་གི་ཌིབ་སིག་རིག་ནུས་གསར་འཛུགས་པ་ལཱེན་ཝེན་ཕཱང་ཡང་གདན་འདྲེན་ཞུས་ཡོད་ཀྱང་མི་སྣ་དེ་གཉིས་ཕེབས་ཀྱི་ཡོད་མིན་གསལ་པོ་མེད་པའི་སྐོར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་འདུག
ལོ་གཉིས་ཀྱི་གོང་དུ་ཨ་མི་རི་ཀ་ནས་ChatGPT རིག་ནུས་དེ་ཐོག་མར་ཐོན་པའི་རྗེས་སུ། རིག་ནུས་ཐད་ཀྱི་ལག་རྩལ་དེས་ཡི་གེ་དང་། པར་རིས། བརྙན་པར་བཅས་སྤུས་ཚད་ལེགས་པོའི་ཐོག་ནས་བཟོ་བསྐྲུན་བྱེད་ཐུབ་ཡོད་པ་དང་ལག་རྩལ་དེ་འཕེལ་རྒྱས་མྱུར་པོའི་ཐོག་ནས་འགྲོ་ཐུབ་ཡོད་པ་རེད། འོན་ཀྱང་ཉེ་ཆར་རྒྱ་ནག་ནས་ཌིབ་སིག་རིག་ནུས་ཐོན་པའི་རྗེས་སུ་ལག་རྩལ་དེའི་བདེ་འཇགས་ཐད་ལ་བློ་འཚབ་ཆེན་པོ་ཞིག་ཡོང་གི་ཡོད་པ་དང་། དེ་སྔ་༢༠༢༣ ལོར་དབྱིན་ཡུལ་དུ་ཚོགས་པའི་རིག་ནུས་ལག་རྩལ་ཐད་ཀྱི་འཛམ་གླིང་གི་ཚོགས་ཆེན་ཐོག་ལ་རྒྱལ་ཁབ་ ༢༨ ཡིས་མིས་བཟོས་རིག་ནུས་ཀྱི་ཉེན་ཁར་གདོང་ལེན་བྱ་རྒྱུའི་གཏན་འབེབས་ཁག་ཅིག་ལ་ཁས་ལེན་བྱུང་ཡོད། ཡང་ན་ནིང་ལོར་ལྷོ་ཀོ་རི་ཡས་གོ་སྒྲིག་བྱས་ཚོགས་ཆེན་ཐོག་ལ་མིས་བཟོས་རིག་ནུས་ཀྱི་བདེ་འཇགས་ལ་ཞིབ་འཇུག་དང་ཚོད་ལྟ་ཡར་རྒྱས་གཏོང་ཆེད་དུ་བདེ་འཇགས་ཀྱི་བསྟི་གནས་དྲ་རྒྱ་ཞིག་བཙུགས་རྒྱུའི་སྐོར་ལ་བགྲོ་གླེང་ཡང་བྱུང་ཡོད་པ་རེད།
གནད་དོན་དེ་ཚོའི་ཐད་ལ་མུ་མཐུད་དེ་གྲོས་མོལ་བྱེད་རྒྱུ་དེ་ནི་ད་ལྟ་ཧྥ་རན་སིའི་ནང་འཚོག་བཞིན་པའི་ཚོགས་ཆེན་གྱི་ལས་རིམ་ནང་དུ་ཡོད་ཅིང་མཁས་པའི་ཚོགས་ཆུང་ཞིག་གིས་མིས་བཟོས་རིག་ནུས་ཀྱི་ཉེན་ཁའི་སྐོར་ལ་སྙན་ཐོ་ཞིག་ཀྱང་འབུལ་གྱི་ཡོད།
འོན་ཀྱང་ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་པ་ཚོས་མིས་བཟོས་རིག་ནུས་དང་འབྲེལ་བའི་བརྗོད་གཞི་གཞན་མང་པོ་ཞིག་གི་ཐོག་ལའང་བགྲོ་གླེང་རྒྱ་ཆེ་རུ་གཏོང་རྒྱུ་དང་ཁྲིམས་དང་ལྡན་པའི་སྒྲིག་གཞི་ཁག་ཅིག་ཀྱང་གཏན་འབེབས་བྱ་རྒྱུ་ཡིན་པ་གསུངས་ཡོད།
གླེང་སྟེགས།