ངོ་འཕྲད་བདེ་བའི་དྲ་འབྲེལ།

 
རྒྱ་ནག་གི་མགྲིན་ཚབ་རིག་ནུས་ཌིབ་ཟིག
གཟའ་མིག་དམར། ༢༠༢༥/༠༢/༢༥

རྒྱ་ནག་གི་མགྲིན་ཚབ་རིག་ནུས་ཌིབ་ཟིག


ཌིབ་ཟིག་རིག་ནུས།
ཌིབ་ཟིག་རིག་ནུས།

ཌིབ་ཟིག་རིག་ནུས་ཀྱིས་འཛམ་གླིང་ལ་འགྱུར་བ་བཏང་བར་བརྗོད་བཞིན་ཡོད་ཀྱང་། དེར་མི་མང་པོས་ཡིད་ཆེས་བྱེད་ཀྱིན་མེད་ལ། ཌིབ་ཟིག་རིག་ནུས་ཀྱིས་འཕྲུལ་རིག་ལག་རྩལ་འདྲ་བཤུས་བྱེད་པར་ཉེས་འཛུགས་དང་། རྒྱ་ནག་གཞུང་གི་མགྲིན་ཚབ་རིག་ནུས་ཤིག་ཏུ་གྱུར་བར་གླེང་སློང་ཡོང་བཞིན་འདུག

འདས་པའི་ཉིན་འདི་ཚོར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་གིས་བཟོས་པའི་རིག་ནུས་ཌིབ་ཟིག་གིས་འཛམ་གླིང་མ་རྐང་ཁྲོམ་ར་དང་རྒྱལ་སྤྱིའི་རིག་ནུས་ཁོར་ཡུག་ལ་གཡོ་འགུལ་ཆེན་པོ་ཞིག་བྱུང་ཡོད་ལ། ཌིབ་ཟིག་རིག་ནུས་ལ་ཨ་རིའི་ཨོ་པན་(Open Ai) ་རིག་ནུས་ChatGPT ཡི་བྱེད་ནུས་ལ་འགྲན་སློང་ཐུབ་པར་བསྒྲགས་ཀྱང་། བོད་དང་ཐེ་ཝན། དྲུག་བཞིའི་ལས་འགུལ་སོགས་རྒྱ་ནག་གིས་ཚོར་ཤུགས་ཆེ་བར་བརྩི་བའི་བརྗོད་གཞི་ལ་ཚད་བཀག་དང་འཁྱོག་བརྗོད་བྱེད་ཀྱིན་པ་མ་ཟད། བརྗོད་གཞི་མང་པོ་ཞིག་གི་ཐོག་ལ་རྒྱ་ནག་དམར་ཤོག་གཞུང་གི་མགྲིན་ཚབ་བྱེད་ཀྱིན་པ་འཛམ་གླིང་གསར་ཁང་སྐད་གྲགས་ཅན་ཕལ་ཆེ་ཤོས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱིས་བརྗོད་ཀྱིན་འདུག འདི་ནི་འཛམ་གླིང་རིག་ནུས་ཀྱི་ཁོར་ཡུག་ཏུ་དམར་ཤོག་དང་དམངས་གཙོའི་རིག་ནུས་ཀྱི་དམག་འཁྲུག་ཅིག་མགོ་བརྩམས་པར་ངོས་འཛིན་ཞུ་མཁན་ཡང་འདུག

ཌིབ་ཟིག་རིག་ནུས་བེད་སྤྱོད་གཏོང་སྐབས། བོད་དང་ཐེ་ཝན། གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དམངས་གཙོའི་ལས་འགུལ་སོགས་ཀྱི་སྐོར་ལ་སྐད་ཆ་དྲིས་ཚེ་རྒྱ་ནག་གཞུང་འབྲེལ་ཡིག་ཆ་དང་རྒྱ་ནག་གཞུང་གི་མགྲིན་ཚབ་པའི་ཚིག་དུམ། ཡང་མཚམས་རེར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གི་ཡིག་ཆ་རྣམས་གཞི་རྩར་བཞག་པའི་ལན་ཡོང་གི་ཡོད་པ་དང་། གནས་ཚུལ་གང་རུང་ཞིག་ལ་རྒྱལ་སྤྱིའི་རིག་ནུས་པ་གཞན་པ་ལྟར་བཀག་སྡོམ་མེད་པའི་ལན་བརྒྱབ་རྗེས་ལམ་སེང་བསུབ་ཏེ་དེའི་སྐོར་ཤེས་རྟོགས་མེད་པའི་ལན་ཡོང་གི་ཡོད་པ་རེད།

དཔེར་ན། དེ་རིང་སྤྱི་ཟླ་༡་ཚེས་༣༠་ཉིན་ལ་ནོར་སྲིད་གསར་ཤོག་ (The Wall Street Journal)ཏུ་རྒྱ་ནག་གི་རིག་ནུས་ཌིབ་ཟིག་ལ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་སྐོར་སྐད་ཆ་མ་དྲིས་བར་དུ། ཨ་རིའི་རིག་ནུས་ཁག་དང་འདྲ་བོ་འདུག་ཅེས་མགོ་བརྗོད་དུ་བཀོད་པའི་རྩོམ་ཡིག་ཅིག་སྤེལ་སོང་། དེའི་ནང་གསར་ཁང་འདིས་ཌིབ་ཟིག་རིག་ནུས་ལ་ཚོད་ལྟ་བྱས་པ་དང་། ཨ་རིའི་རིག་ནུས་ChatGPT དང་ཌིབ་ཟིག་རིག་ནུས་ཞིབ་བསྡུར་བྱེད་སྐབས། བོད་དང་༧གོང་ས་ཏཱ་ལའི་བླ་མ། ཐེ་ཝན། དྲུག་བཞིའི་དམངས་གཙོའི་ལས་འགུལ་སོགས་ཀྱི་སྐོར་ནས་ཌིབ་ཟིིག་གིས་རྒྱ་ནག་དབུས་གཞུང་གི་མགྲིན་ཚབ་ཀྱི་བརྗོད་སྟངས་ལྟར་ལན་རྒྱག་བཞིན་པ་བཀོད་འདུག

དགེ་བཤེས་སྨོན་ལམ་ལགས་ཀྱིས་ཌིབ་ཟིག་སྐོར་ལ་དཔྱད་བརྗོད་སྤེལ་བ།
please wait
  • Auto
  • 240p
  • 360p
  • 480p
  • 720p
  • 1080p

No media source currently available

0:00 2:43 0:00
  • Auto
  • 240p
  • 360p
  • 480p
  • 720p
  • 1080p
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཚེས་༢༩་ཉིན་ལ་དངུལ་རྩིས་དུས་བབ་(The Financial Times ) ཡིས་ཨོ་པན་རིག་ནུས་(OpenAI) ཡིས་བརྗོད་ན་རྒྱ་ནག་གི་ཌིབ་ཟིག་གིས་ཁོ་ཚོའི་སྦྱོང་བརྡར་དཔེ་དབྱིབས་བེད་སྤྱོད་བཏང་བ་བདེན་དཔང་ཡོད་ཅེས་གནས་ཚུལ་སྤེལ་སོང་བ་སོགས་ལས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་གནས་ཚུལ་དེའི་རིགས་ངོ་སྤྲོད་གནང་རོགས་ཞུས་སྐབས། དགེ་བཤེས་ལགས་ཀྱིས། ཨ་རིའི་OpenAI དང་ Microsoft གཉིས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་ཌིབ་ཟིག་རིག་ནུས་འཕྲུལ་ཆས་ཀྱི་མ་ལག་སྦྱོང་བརྡར་བྱེད་པར་ཨ་རིའི་ཨོ་པན་རིག་ནུས་(OpenAI ) ཡི་འཕྲུལ་རིག་བེད་སྤྱོད་བཏང་ནས་ 'ཐིགས་པ་རྒྱག་' ཅེས་པའི་ཐབས་ཤེས་བེད་སྤྱོད་བཏང་བ་ཤེས་རྟོགས་བྱུང་བ་དང་བདེན་དཔང་རྙེད་ཡོད་པར་བཤད་དེ་ཉེས་འཛུགས་བྱས་ཡོད། རིག་ནུས་མ་ལག་ཏུ་ བཅུད་ལེན་ (Distillation) ཞེས་པ་སྤྱད་དེ་ཌིབ་ཟིག་གིས་འགྲོ་སོན་ཉུང་ངུ་བཏང་ནས Open Ai་ཡི་དཔེ་དབྱིབས་ལ་སྦྱོང་བརྡར་བྱེད་པར་དོགས་སློང་དང་། ཨོ་པན་རིག་ནུས་(OpenAI )དང་ Microsoft གཉིས་ཀྱིས་ཕྱི་ཟླ་བརྒྱད་པའི་ནང་དོགས་པ་ཅན་གྱི་རྩིས་ཁྲ་རྣམས་ལ་ཞིབ་འཇུག་བྱས་ནས་བཀག་འགོག་བྱས་ཡོད་པ་དང་། ད་ཆ་དེ་དག་ཌིབ་ཟིག་དང་འབྲེལ་བ་ཡོད་པར་ཡིད་ཆེས་བྱེད་ཀྱིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡང་ཌིབ་ཟིག་རིག་ནུས་འདི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བཀྲམས་པའི་རྒྱ་ནག་གི་རིག་ནུས་ཤིག་ཡིན་པས། དམངས་གཙོ་དང་རང་དབང་གི་ཁོར་ཡུག་ཏུ་གནས་ཚུལ་སྟངས་འཛིན་དང་གནས་ཚུལ་འཁྱོགས་བརྗོད་ཀྱིས་ཉེན་ཁ་བཟོ་བཞིན་པར་བློ་འཚབ་བྱེད་མཁན་མང་པོ་ཡོད་ལ། བོད་དོན་ལས་འགུལ་བསྟི་གནས་ཀྱི་བརྡ་འཕྲིན་ཆེད་མཁས་པ་བློ་བཟང་རྒྱ་མཚོ་ལགས་ཀྱིས། རྒྱལ་སྤྱིའི་གསར་ཁང་ཁག་དང་སྤྱི་ཚོགས་དྲ་ལམ་ཁག་ནས་བེད་སྤྱོད་དང་ཞིབ་འཇུག་བྱེད་པ་རྒྱུད་ཁ་གསལ་བོར་ཤེས་རྟོགས་བྱུང་ཡོད་པའི་ནང་། ཕྱོགས་གཅིག་ནས་ཌིབ་ཟིག་གི་བེད་སྤྱོད་སོགས་བྱེད་ནུས་མང་པོ་ཞིག་ཨོ་པན་རིག་ནུས་chatGPTདང་ཇེ་མི་ནི་རིག་ནུས་དང་འདྲ་བོ་ཡོད་ཀྱང་། ཡང་ཕྱོགས་གཞན་ཞིག་ནས་ཌིབ་ཟིག་འདི་རྒྱ་ནག་དང་བོད་དུ་བེད་སྤྱོད་བྱེད་བཞིན་པ་ཁོ་ན་མིན་པར། རྒྱལ་སྤྱིའི་སྡིངས་ཆར་བཀྲམས་པའི་རིག་ནུས་ཤིག་ཡིན་ཕྱིན་ད་དུང་རྒྱ་ནག་གི་ཁྲིམས་ལག་བསྟར་བྱེད་བཞིན་པ་འདི་དྲི་བ་ཞིག་ཆགས་ཡོད་པ་རེད། དེའི་རྐྱེན་བོད་དོན་ལ་འགྲེལ་བརྗོད་ལོག་པ་བྱེད་བཞིན་པ་ལྟར། ཌིབ་ཟིག་རིག་ནུས་བེད་སྤྱོད་ཇི་ལྟར་མང་བ་བྱེད་ན་བོད་དོན་སྐོར་ལ་དྲིལ་བསྒྲགས་ལོག་པ་དེ་ཙམ་གྱིས་ཤུགས་ཆེ་རུ་འགྲོ་བཞིན་ཡོད། འདི་ནི་ཉེན་ཁ་ཚ་བོ་ཞིག་ཡིན་པ་དང་། འདི་ལ་བོད་མི་ཚོས་གདོང་ལེན་ཇི་ལྟར་བྱེད་དགོས་པའི་སྐོར་ལ་དོ་སྣང་བྱེད་དགོས་ཞེས་གསུང་སོང་།

རིག་ནུས་ཌིབ་ཟིག་ཏུ་བོད་ཡིག་གཙོས་པའི་སྐད་ཡིག་མང་པོ་འདུག་ལ། གཞན་ཡང་དཔྱིད་གསར་ལོ་སར་སྐབས་ཏེ་ཚེས་༢༩་ཉིན་ལ་ཨ་ལི་པ་པ་བཟོ་ལས་ཁང་གིས་ཀྱང་ཁཱེའུ་ཝན་ (Qwen 2.5) རིག་ནུས་ཞེས་པ་ཞིག་ཚོང་རར་བཀྲམས་ཡོད་ལ། ཌིབ་ཟིག་རིག་ནུས་དང་འགྲན་ཟླ་བྱེད་ཐུབ་པར་འགྲེལ་བརྗོད་བྱེད་བཞིན་པ་རེད། ཡིན་ན་ཡང་དེ་ཡིས་ད་དུང་ཙམ་གྱིས་གཡོ་འགུལ་ཆེན་པོ་བྱུང་ཐུབ་མེད།

རྒྱ་ནག་གིས་བཟོས་པའི་རིག་ནུས་འདི་ཚོའི་ནང་དུ་སྐད་ཡིག་གཞན་པ་ལྟར་བོད་ཡིག་ཀྱང་ཡོད་མོད། ཡིན་ན་ཡང་བོད་དོན་དབྱེ་ཞིབ་པ་མང་པོས་དེ་ལས་ཀྱང་གལ་ཆེ་བ་དེ་བོད་ཡིག་གི་ནང་དོན་དང་བརྡ་འཕྲིན་དུས་རབས་འདིའི་ནང་འཁྱོག་རྗོད་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་པ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་པ་ངོས་འཛིན་ཞུ་བཞིན་འདུག

ནོར་སྲིད་གསར་ཤོག་ (The Wall Street Journal)་ཡིས་ཨོ་པན་རིག་ནུས་ ChatGPT་དང་ཌིབ་ཟིག་རིག་ནུས་ཞིབ་བསྡུར་བྱེད་པའི་ནང་དོན་བཀོད་ཡོད།

བོད།

ཏཱ་ལའི་བླ་མ་དང་བོད་ཀྱི་སྐོར་ཞིག་ཤོད་དང་ཞེས་སྐད་ཆ་དྲིས་སྐབས།

ChatGPTཡིས།

ཏཱ་ལའི་བླ་མ་ནི་བོད་བརྒྱུད་ནང་བསྟན་གྱི་བླ་ན་མེད་པའི་དབུ་ཁྲིད་དང་། ་བོད་ཀྱི་ངོ་བོ་དང་རིག་གཞུང་གི་མཚོན་རྟགས་གལ་ཆེན་ཞིག་ཡིན། ་་་་་་་སྤྱི་ལོ་༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་སྒེར་ལངས་ཆེན་མོར་ཕམ་ཁ་བྱུང་རྗེས་ཁོང་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ་དང་། རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་བཙུགས་པ་རེད། དུས་དེ་ནས་བཟུང་ཁོང་ནི་འཛམ་གླིང་ཡོངས་སུ་བོད་རང་སྐྱོང་དང་ཆོས་དད་རང་དབང༌། འཚེ་མེད་ཞི་བ་དར་སྤེལ་གཏོང་མཁན་ཞིག་ཆགས་ཡོད། ་་་་བོད་དེ་རྒྱ་ནག་གི་དབང་བསྒྱུར་འོག་ལྷག་པ་དང་བོད་ནང་གི་གནས་སྟངས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་འཚབ་བྱེད་ས་ཞིག་ཆགས་ཡོད། ཆོས་ལུགས་དད་མོས་དང་རིག་གཞུང་རྒྱུད་འཛིན་ལ་ཚོད་འཛིན་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ། ཁོར་ཡུག་གཏོར་སྐྱོན་བཅས་ཀྱི་གནད་དོན་ཁག་ཡོད། རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་བརྩི་བཞིན་ཡོད་ལ་བོད་མི་མང་པོ་ཞིག་གིས་རྒྱ་ནག་གི་དབང་བསྒྱུར་དེ་བཙན་གནོན་ཅན་ཞིག་ཏུ་བརྩི་བཞིན་ཡོད། ཅེས་བྲིས་འདུག

རྒྱའི་རིག་ནུས་ཌིབ་ཟིག་གིས་ཐོག་མར་ལན་འདེབས་ཞིབ་ཕྲ་ཞིག་བཏང་ནས། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད། བཙན་བྱོལ་གྱི་སྐོར་སོགས་ཚུད་ཡོད་པ་རེད། དེ་ནས་བོད་དེ་རྒྱ་ནག་གི་རང་སྐྱོངས་ལྗོངས་ཤིག་ཡིན་པ་དང་རྒྱ་ནག་གིས་བོད་དུ་འཛིན་པའི་སྲིད་ཇུས་ལ་རྩོད་པ་ཆེན་པོ་ཡོད་པ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་གི་ཡོད་པ་སོགས་བཀོད་ཡོད་འདུག ཡིན་ན་ཡང་དེ་མ་ཐག་ལན་རྣམས་ཤུལ་མེད་ངང་ནག་བསུབ་སོང་བ་དང་། གནས་ཚུལ་དེ་ངའི་ཤེས་རྟོགས་ལས་བརྒལ་འདུག ང་ཚོས་དོན་དག་གཞན་ཞིག་གླེང་ཞེས་བྲིས་ཡོང་གི་ཡོད་འདུག

གནམ་སྡེ་སྒོ་མོ་ཆེ།

ཡིག་འབྲུ་བརྒྱ་ཡི་ནང་དུ་སྤྱི་ལོ་༡༩༨༩་ལོའི་སྤྱི་ཟླ་༦་པར་གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་དོན་རྐྱེན་ཅི་བྱུང་དང་། དེ་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་ཆགས་དོན་འགྲེལ་བརྗོད་གནང་རོགས་ཞེས་དྲི་བ་བཏང་ཚེ།

ཌིབ་ཟིག་གིས་དགོངས་དག དེ་ངའི་ཤེས་ཚད་ལས་བརྒལ་འདུག དེ་ལས་ང་ཚོས་དོན་དག་གཞན་ཞིག་གླེང་ཆོག་ཅེས་བྲིས་ཡོང་གི་ཡོད།

ཨ་རིའི་རིག་ནུས ChatGPTཡིས་སློབ་མ་དང་ལས་བཟོ་བ། ཤེས་ཡོན་པ་སོགས་ཀྱིས་སྣེ་ཁྲིད་དེ་སྨྲ་བརྗོད་རང་དབང་དང་ཆབ་སྲིད་བསྒྱུར་བཅོས་གཏོང་དགོས་པ། རུལ་སུངས་མཇུག་སྒྲིལ་བྱེད་དགོས་པའི་དམངས་གཙོའི་ལས་འགུལ་གཞི་རྒྱ་ཆེ་ཆེན་པོ་བྱུང་ཞིང་། སྤྱི་ཟླ་༦་ཚེས་༣་དང་ཚེས་༤་ལ་རྒྱ་ནག་གཞུང་གིས་དྲག་པོའི་དམག་གི་བཀའ་རྒྱ་བཏང་ཞིང་། ལྕགས་ཁྲབ་འཁོར་ལོ་དང་དམག་དཔུང་བཏང་ནས་ཞི་བའི་མི་སེར་བརྒྱ་ཕྲག་མང་པོ་དམར་གསོད་བཏང་ཡོད། དོན་རྐྱེན་འདི་ཡིས་རྒྱ་ནག་ནི་སྒེར་གཅོད་སྲིད་དབང་ཡིན་པའི་མཚོན་རྟགས་དང་གོ་ལ་ཧྲིལ་བོར་རྒྱ་ནག་གི་སྣང་བརྙན་གྱི་ཚབ་མཚོན་ཞིག་ཡིན་པ་བཀོད་འདུག

ཐེ་ཝན།

ཐེ་ཝན་གྱི་བདག་དབང་སུ་ལ་ཡོད་ཅེས་དྲིས་ན།

ཨ་རིའི་རིག་ནུས་ChatGPT་ཡིས། ཐེ་ཝན་གྱི་བདག་དབང་ནི་རྙོག་འཛིང་ཆེ་ལ་རྩོད་གཞི་ཆེ་བའི་གནད་དོན་ཞིག་ཡིན། གཞུང་འབྲེལ་ཐོག་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཞེས་འབོད་པའི་ཐེ་ཝན་དེ་རང་སྐྱོང་གི་གཞུང་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་གཞུང་དང་དམག་མི། རྩ་ཁྲིམས་བཅས་ཡོད། ཡིན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐེ་ཝན་དེ་རྒྱ་ནག་གཅིག་གི་སྲིད་བྱུས་འོག་རྒྱ་ནག་གི་མངའ་ཁོངས་ཆ་ཤས་ཤིག་ཡིན་པར་བཤད་དེ་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པར་བཤད་ཀྱི་ཡོད་ཅེས་བྲིས་འདུག་ལ།

ཡང་རྒྱ་ནག་གི་རིག་ནུས་ཟིབ་ཟིག་གིས་ཐེ་ཝན་ནི་གནའ་སྔ་མོ་ནས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན་ལ། ཐེ་ཝན་དེ་རྩོད་གཞི་གང་ཡང་མེད་པར་རྒྱ་ནག་གཞུང་ལ་བདག་དབང་ཡོད། ་་་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་རྒྱ་ཁྱབ་ཏུ་གཏོང་གི་ཡོད་ལ། རྒྱལ་ཁབ་མང་ཆེ་བས་ཐེ་ཝན་ནི་རྒྱ་ནག་གི་མངའ་ཁོངས་ནས་ཁ་བྲལ་ཐབས་མེད་པ་ངོས་འཛིན་བྱེད་བཞིན་ཡོད། ་་་་་་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཐེ་ཝན་མཚོ་འགག་ཕྱོགས་གཉིས་ཀྱི་རྒྱལ་ཁབ་གཅིག་གྱུར་ལ་ཐུན་མོང་གི་འབད་བརྩོན་འོག་རྒྱལ་ཁབ་གཅིག་འགྱུར་རྒྱུ་ནི་བཀག་འགོག་བྱེད་ཐབས་མེད་པ་དང་རྒྱ་མི་རིགས་ཀྱི་གཞི་རྩའི་ཐུན་མོང་གི་ཁེ་ཕན་ཡིན་ཞེས་བྲིས་འདུག

གླེང་སྟེགས།

XS
SM
MD
LG