༄༅།། དེང་སྐབས་མོན་རྟ་དབང་སོགས་ཧིན་བོད་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་འགལ་ཟླ་རྣོ་ངར་ཇེ་ཆེར་འགྲོ་བཞིན་པ་དང་རྒྱ་གར་གཞུང་ལ་མཛད་དཀའ་མི་འབྱུང་བའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་རྒྱ་གར་བྱང་ཤར་གྱི་ཨ་རུ་ན་ཅལ་མངའ་སྡེ་སོགས་ལ་ཕྱོགས་ཕེབས་ཀྱི་འཆར་གཞི་གཏན་ཁེལ་ཡོད་པ་རྣམས་ཕྱིར་འཐེན་བྱས་འདུག དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ཟླ་བ་འདིའི་ཕྱི་ཚེས་༡༧་ནས་ཉིན་བཅུའི་རིང་ལ་རྒྱ་གར་བྱང་ཤར་གྱི་ཨ་རུ་ན་ཅལ་དང་ཨ་སམ། མེ་གྷ་ལ་ཡ་དང་ན་གྷ་ལན་ཌི་བཅས་མངའ་སྡེ་ཁག་བཞི་ལ་གཞུང་འབྲེལ་ཕྱོགས་སྐྱོད་གནང་གཏན་ཁེལ་ཡང་ཕྱི་ཚེས་༡༧་ཉིན་བཞུགས་སྒར་རྡ་རམ་ས་ལའི་དབུས་བོད་ཀྱི་སྨན་རྩིས་ཁང་དུ་༧གོང་ས་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་འབུལ་བཞེས་མཛད་ནས་ལོ་༡༤་འཁོར་བའི་དུས་ཆེན་གྱི་མཛད་སྒོའི་སྟེང་དུ་སྲིད་སྐྱོང་གི་ཐེངས་འདིའི་ཨ་རུ་ན་ཅལ་སོགས་ཀྱི་ཕྱོགས་སྐྱོད་མཛད་རིམ་ཁག་ཕྱིར་འཐེན་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་པའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་ཨ་རུ་ན་ཅལ་སོགས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་ལ་ཆིབས་སྒྱུར་བསྐྱངས་རིམ་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཁག་ལ་མཇལ་འཕྲད་བྱུང་རིགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་ཞིང་། མོན་རྟ་དབང་མངའ་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྷུན་གྲུབ་ཆོས་བཟང་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་སང་ཉིན་ཕྱི་ཚེས་༢༠་ཉིན་ནི་དེ་སྔ་༡༩༦༢་ལོར་རྒྱ་དཀར་ནག་གིས་དམག་འཁྲུག་བརྒྱབ་ནས་ལོ་༥༩་འཁོར་བའི་དུས་དྲན་རེད། ད་ལོའི་དུས་དྲན་གྱི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གདན་འདྲན་ཞུ་འཆར་ཡོད་ཀྱང་གནས་སྟངས་ཤིག་ལ་བརྟེན་ནས་སྲིད་སྐྱོང་ཕེབས་ཐུབ་ཀྱི་མེད་པར་རྟ་དབང་མང་ཚོགས་ལ་གོ་སྐབས་རྩ་ཆེན་ཞིག་བརླགས་པ་ལྟ་བུའི་བློ་ཕམ་བྱུང་སོང་། སྲིད་སྐྱོང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་འགལ་ཟླ་སྡུག་ཏུ་མི་གཏོང་བའི་ཆེད་དུ་གཟིགས་སྐོར་ཕྱིར་འཐེན་གནང་བ་ནི་དགོངས་པ་རླབས་ཆེན་བཞེས་པ་ཞིག་རེད་ཅེས་བསྔགས་བརྗོད་ཞུས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུའི་ས་གནས་ཁག་དང་དུས་ཚོད་སོགས་ལ་འགྱུར་ཕྱིན་པའི་སྟབས་ཀྱིས་ཕྱི་ཚེས་༡༩་ཉིན་ནུབ་བྷང་ག་ལ་མངའ་སྡེར་ཕེབས་འབྱོར་གྱིས་རིམ་བཞིན་ཀ་རྡོར་སྒང་གསུམ་ལ་བདུན་ཕྲག་གཅིག་གི་རིང་དུ་འཚམས་གཟིགས་སུ་ཕྱོགས་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས་ཀྱི་སྐོར། ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།