ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

སོག་པོའི་གཞུང་གིས་ཕུ་ཊིན་ལ་སྣེ་ལེན་གཟབ་རྒྱས་ཞུས།


ཕུ་ཊིན་སོག་ཡུལ་དུ་རྒྱལ་དོན་འཚམས་འདྲིར་འབྱོར་ཏེ་སྲིད་འཛིན་ཨུག་ན་ཁུ་རེལ་སག་དང་ཐུག་འཕྲད་གྲོས་མོལ་བྱུང་།
ཕུ་ཊིན་སོག་ཡུལ་དུ་རྒྱལ་དོན་འཚམས་འདྲིར་འབྱོར་ཏེ་སྲིད་འཛིན་ཨུག་ན་ཁུ་རེལ་སག་དང་ཐུག་འཕྲད་གྲོས་མོལ་བྱུང་།

༄༅།། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་འཛིན་བཟུང་བྱ་དགོས་པའི་བཅད་ཁྲ་བསྒྲགས་ཡོད་ཀྱང་སོག་ཡུལ་གྱིས་སྣེ་ལེན་གཟབ་རྒྱས་ཞུས། ཕྱི་ཟླ་༩་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་སོག་ཡུལ་དུ་རྒྱལ་དོན་འཚམས་འདྲིར་འབྱོར་ཏེ་སྲིད་འཛིན་ཨུག་ན་ཁུ་རེལ་སག་དང་ཐུག་འཕྲད་གྲོས་མོལ་བྱུང་། སོག་པོའི་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་བཀའ་ལྟར་ཕུ་ཊིན་འཛིན་བཟུང་མ་བྱས་པར་ཡུཀ་རེན་གྱི་ཁ་རྡུང་དྲག་པོ་ཕོག འཛམ་གླིང་འདིར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ངོས་ལེན་བྱེད་མཁན་རྒྱལ་ཁབ་༡༢༤་ཡོད་པ་དེ་དག་གི་གྲས་སུ་སོག་ཡུལ་ཡོད་ཅིང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ངོས་ལེན་བྱེད་མཁན་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ཕུ་ཊིན་བསླེབས་ན་འཕྲལ་དུ་འཛིན་བཟུང་བྱས་ནས་རྩིས་སྤྲོད་བྱ་དགོས་ཤིང་། སོག་ཡུལ་གྱིས་ཕུ་ཊིན་འཛིན་བཟུང་མ་བྱས་པ་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་འཛིན་ནུས་པ་ཉམས་ཞན་དུ་བཏང་བའི་གསར་འགྱུར་ཐོན་འདུག

ཕྱི་ཟླ་༩་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་སོག་ཡུལ་དུ་རྒྱལ་དོན་འཚམས་འདྲིར་འབྱོར་ཏེ་སྲིད་འཛིན་ཨུག་ན་ཁུ་རེལ་སག་དང་ཐུག་འཕྲད་གྲོས་མོལ་བྱུང་།
ཕྱི་ཟླ་༩་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་སོག་ཡུལ་དུ་རྒྱལ་དོན་འཚམས་འདྲིར་འབྱོར་ཏེ་སྲིད་འཛིན་ཨུག་ན་ཁུ་རེལ་སག་དང་ཐུག་འཕྲད་གྲོས་མོལ་བྱུང་།

ཡུཀ་རེན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧེ་འོར་དབྱི་ཊི་ཁ་དབྱིས་སོག་ཡུལ་གྱིས་ཕུ་ཊིན་འཛིན་བཟུང་མ་བྱས་པ་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་ལ་འགལ་འཛོལ་ཆེན་པོ་ཞིག་རེད། སོག་ཡུལ་གྱིས་ཉེས་ཅན་ཞིག་ཁྲིམས་ལ་བྱོལ་དུ་བཅུག་ན་དམག་འཁྲུག་གི་ནག་ཉེས་འདྲ་མཚུངས་བསགས་པ་མིན་ནམ། ཡུཀ་རེན་གྱིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་སོག་ཡུལ་ལ་མཇུག་འབྲས་ངན་པ་ཞིག་མྱོང་དུ་འཇུག་ངེས་ཡིན་ཞེས་སྡིགས་ར་བསྐུལ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཕུ་ཊིན་ལ་ཡུཀ་རེན་གྱི་བྱིས་པ་བརྒྱ་ཕྲག་མང་པོ་རང་ཁྱིམ་ནས་བཙན་ཁྲིད་བྱས་པའི་ནག་ཉེས་བཙུགས། ར་ཤི་ཡའི་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ངོས་ལེན་བྱེད་ཀྱི་མེད་པ་དང་ཉེས་འཛུགས་དེ་ཆབ་སྲིད་ཀྱི་ཀུན་སློང་རེད་ཅེས་དགག་པ་བརྒྱབ། ར་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་(Dmitry Peskov)་ཀྱིས་ང་ཚོས་སོག་ཡུལ་ལ་གྲོས་མོལ་གང་ལེགས་བྱས་ཡོད། ང་ཚོ་འཛིན་བཟུང་བཀའ་རྒྱ་དེར་སྐྲག་གི་མེད་ཅེས་བསྒྲགས།།

ཕུ་ཊིན་གྱིས་སོག་ཡུལ་བརྒྱུད་ནས་རྒྱ་ནག་བར་དུ་སེ་བི་རི་ཡའི་སོལ་རླངས་ལྕགས་སྦུག་༢་(Power of Siberia 2)་པ་འཛུགས་དགོས། ར་ཤི་ཡའི་ཡ་མལ་རླངས་གཏེར་ནས་ལོ་ལྟར་རྒྱ་ནག་ལ་སོལ་རླངས་མི་ཊར་ཤོ་གཟུགས་མ་དུང་ཕྱུར་༥༠༠་རེ་བཙོང་རྒྱུའི་འཆར་འགོད་བྱས་མོད། འོན་ཀྱང་ཟླ་བ་སྔོན་མར་སོག་པོའི་གཞུང་གིས་༢༠༢༤་ནས་༢༠༢༨་བར་གྱི་ལོ་ལྔའི་ལག་བསྟར་ལས་གཞི་ཕྱིར་བསྒྲགས་བྱས་པ་དེའི་ནང་དུ་སེ་བི་རི་ཡ་ནས་རྒྱ་ནག་བར་དུ་སོལ་རླངས་ལྕགས་སྦུག་འཛུགས་རྒྱུ་དེ་མ་གསལ། ཉམས་ཞིབ་པ་ཚོས་ཕུ་ཊིན་སོག་ཡུལ་དུ་བསྐྱོད་ནས་སྲིད་འཛིན་ཨུག་ན་ཁུ་རེལ་ལ་སོལ་རླངས་ལྕགས་སྦུག་འཛུགས་རྒྱུ་སླར་གསོ་བྱ་དགོས་ཞེས་སྐུལ་ལྕག་བཏང་ཡོད་པའི་ཚོད་དཔག་བྱས་འདུག ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཁག་གིས་ར་ཤི་ཡ་ནས་སོལ་རླངས་ཉོ་རྒྱུ་མཚམས་བཞག་སྟེ་ཚོང་འབྲེལ་བཅད།།

བྷ་ཛིལ་དང་ར་ཤི་ཡ། རྒྱ་གར་དང་རྒྱ་ནག ལྷོ་ཨ་ཧྥི་རི་ཀ་ལྔས་བཙུགས་པའི་མཐུན་ཚོགས་ཀྱི་ཚོགས་འདུ་
བྷ་ཛིལ་དང་ར་ཤི་ཡ། རྒྱ་གར་དང་རྒྱ་ནག ལྷོ་ཨ་ཧྥི་རི་ཀ་ལྔས་བཙུགས་པའི་མཐུན་ཚོགས་ཀྱི་ཚོགས་འདུ་

ཕྱི་ཟླ་༩་པའི་ཚེས་༣་ཉིན་འཇར་མན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་ལོ་འདིའི་ཕྱི་ཟླ་༡༠་པའི་ནང་ར་ཤི་ཡའི་ཀ་ཛན་གྲོང་ཁྱེར་དུ་བྷ་ཛིལ་དང་ར་ཤི་ཡ། རྒྱ་གར་དང་རྒྱ་ནག ལྷོ་ཨ་ཧྥི་རི་ཀ་ལྔས་བཙུགས་པའི་(BRICS)་མཐུན་ཚོགས་ཀྱི་ཚོགས་འདུ་འཚོགས་ཀྱི་ཡོད། སོག་ཡུལ་མཐུན་ཚོགས་དེའི་ཁོངས་སུ་ཞུགས་དགོས་པའི་མགྲོན་འབོད་བྱས་འདུག སོག་ཡུལ་གྱི་སོལ་རླངས་རྣམས་ར་ཤི་ཡ་ནས་བླངས། སོག་པོའི་དཔལ་འབྱོར་དང་ཚོང་ལས། མཚོ་ལམ་དང་ལྕགས་ལམ་གྱི་སྐྱེལ་འདྲེན་རྣམས་ར་ཤི་ཡའམ། ཡང་ན་རྒྱ་ནག་ལ་མ་བརྟེན་ཐབས་མེད་དུ་གྱུར། ཉམས་ཞིབ་པ་ཇཱུ་ལི་ཡ་ཌིར་ཁེས་(Julian Dierkes)་སོག་ཡུལ་གྱི་སོལ་རླངས་ཡོང་ས་གཙོ་བོ་ར་ཤི་ཡ་ཡིན་པས་སོག་པོའི་གཞུང་གིས་ཕུ་ཊིན་འཛིན་བཟུང་བྱས་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེ་ནི་རང་ཉིད་ཕུང་ལ་སྦྱོར་རྒྱུ་ལས་ཅི་ཡང་མ་རེད་ཅེས་བསྟན།།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱལ་སྤྱིའི་ཁྲིམས་འཛིན་སློབ་སྟོན་ལྷན་ཚོགས་ཀྱི་མཐོ་རིམ་ལས་སྣེ་མ་རི་ཡ་ཨེ་ལེ་ན་ཝིག་ནོ་ལིས་
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱལ་སྤྱིའི་ཁྲིམས་འཛིན་སློབ་སྟོན་ལྷན་ཚོགས་ཀྱི་མཐོ་རིམ་ལས་སྣེ་མ་རི་ཡ་ཨེ་ལེ་ན་ཝིག་ནོ་ལིས་

ན་ནིང་ཕྱི་ཟླ་༣་པའི་ནང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་འཛིན་བཟུང་བྱ་དགོས་ཞེས་བཀའ་རྒྱ་བསྒྲགས་ནས་བཟུང་། ཕུ་ཊིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་རྒྱལ་ཁབ་ཅིག་ལ་འཚམས་འདྲིར་ལྷགས་པ་ཐེངས་དང་པོ་ཡིན་ཞིང་། ༢༠༠༢་ལོར་ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་རྩ་འཛུགས་ཀྱི་ཆིངས་ཡིག་ལག་ལེན་བསྟར་རྒྱུ་འགོ་ཚུགས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རང་གི་ས་ཐོག་ཏུ་ཉེས་ཅན་ཞིག་བསླེབས་ཚེ། མི་དེ་འཛིན་བཟུང་བྱས་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱ་དགོས་ཞེས་འཁོད། དེས་ན་སོག་ཡུལ་གྱིས་རང་གི་ལས་འགན་སྒྲུབ་ཀྱི་མེད་པར་རྒྱལ་སྤྱིའི་ཐོག་ཏུ་ལྟ་ཚུལ་ངན་པ་ཞིག་འབྱུང་ཤས་ཆེ། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་མགྲིན་ཚབ་པ་ཨབ་དྷ་ལཱས་(Fadi el-Abdallah)་བདུན་ཕྲག་སྔོན་མ་ནས་སོག་ཡུལ་ལ་རང་གི་ལས་འགན་བསྒྲུབ་དགོས། གལ་སྲིད་ལས་འགན་མ་བསྒྲུབས་ན་དགོས་ངེས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བཀྲལ།།

ཕྱི་ཟླ་༩་པའི་ཚེས་༢་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕུ་ཊིན་སོག་ཡུལ་དུ་ཡོང་མི་ཆོག་པའི་བཀག་འགོག་བྱ་དགོས། ཅི་སྟེ་ཕུ་ཊིན་སོག་ཡུལ་དུ་ཡོང་ན་འཛིན་བཟུང་བྱས་ནས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱ་དགོས་ཞེས་དགོས་འདུན་བཏོན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱལ་སྤྱིའི་ཁྲིམས་འཛིན་སློབ་སྟོན་ལྷན་ཚོགས་ཀྱི་མཐོ་རིམ་ལས་སྣེ་མ་རི་ཡ་ཨེ་ལེ་ན་ཝིག་ནོ་ལིས་(Maria Elena Vignoli)་ཕུ་ཊིན་སོག་ཡུལ་ལ་ཡོང་དུ་བཅུག་སྟེ་སོག་པོའི་གཞུང་གིས་འཛིན་བཟུང་མ་བྱས་ན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་རྒྱལ་ཁབ་ཅིག་ཡིན་པའི་ལས་འགན་མ་གྲུབ་པ་ཁོ་ན་མ་རེད། ཁྲིམས་བྱོལ་བ་ཞིག་ལ་དགའ་བསུ་དང་ར་ཤི་ཡའི་དམག་གི་གདུག་རྩུབ་ལ་རྒྱབ་སྐྱོར། སྐྱེ་བོ་དབང་ཐང་ཅན་དང་སྟོབས་ཤུགས་ཅན་སུ་ཞིག་ཡིན་རུང་ཁྲིམས་ཀྱི་གོང་ན་མེད་པའི་རྩ་དོན་ལ་ཁྱད་གསོད་བྱས་པ་ཞིག་རེད་ཅེས་བསྟན།།

སོག་ཡུལ་༢༠༠༣་ལོར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁོངས་སུ་ཞུགས། སོག་པོའི་གཞུང་གིས་ཕུ་ཊིན་འཛིན་བཟུང་མ་བྱས་ན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་རྒྱལ་ཁབ་གཞན་ཁག་གིས་ཀྱང་ཕུ་ཊིན་འཛིན་མ་བྱས་པར་ལས་འགན་ལ་གཡོལ་ཐུབ། ༢༠༢༣་ལོའི་ཕྱི་ཟླ་༨་ནང་བྷ་ཛིལ་དང་ར་ཤི་ཡ། རྒྱ་གར་དང་རྒྱ་ནག ལྷོ་ཨ་ཧྥི་རི་ཀ་ལྔའི་མཐུན་ཚོགས་ཀྱི་ཚོགས་འདུ་དེ་ལྷོ་ཨ་ཧྥི་རི་ཀར་ཚོགས། ལྷོ་ཧྥི་རི་ཀ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་ཡིན་པས་ཕུ་ཊིན་ཚོགས་འདུ་དེར་གདན་འདྲེན་མ་ཞུས་པར་དྲྭ་ལམ་དུ་ཚོགས་ཞུགས་བྱེད་དུ་བཅུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་རྒྱལ་ཁབ་ཚང་མས་ལྷོ་ཨ་ཧྥི་རི་ཀར་མིག་དཔེ་བལྟས་ནས་ཆིངས་ཡིག་གི་དགོངས་དོན་རྣམས་གོང་བཀུར་བྱ་དགོས་ཞེས་ནན་གྱིས་བསྐུལ། སྔ་ལོ་སོག་ཡུལ་གྱིས་རང་གི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཨེར་ཏེ་ནི་བློ་བཟང་ཚེ་རིང་རྟ་མགྲིན་(Edeneblasuren Damdin)་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་འོས་མིར་མཚམས་སྦྱོར་བྱས་ནས་ཁྲིམས་དཔོན་དུ་བདམས།།

ཁ་སྔོན་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་སོག་ཡུལ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་འཐུས་རྒྱལ་ཁབ་༩༤་དང་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཁྲིམས་ཁང་དེར་རྒྱབ་སྐྱོར་བྱ་རྒྱུར་གཡོ་བ་མེད། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་འཛིན་ལས་དོན་ལ་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་དང་མཉམ་འབྲེལ་ཚུལ་བཞིན་བྱ་དགོས། མི་རིགས་རྩ་མེད་དང་དམག་འཁྲུག་གི་ནག་ཉེས། བཙན་འཛུལ་སོགས་ཀྱིས་འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཀ་འཕྲད་དུ་འཇུག་གི་འདུག་ཅེས་སྤྱི་བསྒྲགས་སྤེལ་བར་རྒྱབ་སྐྱོར་བྱས་པ་རེད། ད་ལྟ་སོག་པོའི་གཞུང་གིས་ཕུ་ཊིན་ལ་སྣེ་ལེན་བྱས་ནས་འཛིན་བཟུང་བྱེད་ཀྱི་མེད་པ་ནི་ནང་འགལ་ཆེན་པོ་ཞིག་རེད་ཅེས་སྐྱོན་བཏོན། ར་ཤི་ཡའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་མི་བསད་པ་དང་བྱིས་པ་བཙན་ཁྲིད་བྱས་པ་སོགས་ཀྱི་ནག་ཉེས་ཚབས་ཆེན་བསགས་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཀྱང་ཐོ་རུ་བཀོད་འདུག

གླེང་སྟེགས།

XS
SM
MD
LG