ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

སོག་ཡུལ་གྱི་ལས་གཞིའི་ཁོངས་སུ་ར་ཤི་ཡ་དང་རྒྱ་ནག་གི་ལྕགས་སྦུག་མ་ཚུད།


སོག་ཡུལ་གྱི་ལས་གཞིའི་ཁོངས་སུ་ར་ཤི་ཡ་དང་རྒྱ་ནག་གི་ལྕགས་སྦུག་མ་ཚུད།
སོག་ཡུལ་གྱི་ལས་གཞིའི་ཁོངས་སུ་ར་ཤི་ཡ་དང་རྒྱ་ནག་གི་ལྕགས་སྦུག་མ་ཚུད།

༄༅།། ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་གྱིས་སོག་ཡུལ་བརྒྱུད་ནས་རྒྱ་ནག་ལ་རང་བྱུང་སོལ་རླངས་འདྲེན་པའི་ལྕགས་སྦུག་འཛུགས་དགོས་པའི་གྲོས་གཞི་བཏོན། བདུན་ཕྲག་སྔོན་མར་སོག་པོའི་གཞུང་གིས་ཕྱི་རུ་བཀྲམ་པའི་ལོ་ལྔའི་ལག་བསྟར་ལས་གཞིའི་ཁོངས་སུ་ལྕགས་སྦུག་འཐེན་རྒྱུ་དེ་ཚུད་མེད་ཅིང་། ཕྱི་ཟླ་༨་པའི་ཚེས་༡༩་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སོག་ཡུལ་གྱི་༢༠༢༤་ནས་༢༠༢༨་བར་གྱི་ལོ་ལྔའི་ལག་བསྟར་ལས་གཞི་གཏན་འབེབས་བྱུང་བ་དེའི་ནང་དུ་ར་ཤི་ཡའི་སེ་བི་རི་ཡ་ནས་རྒྱ་ནག་བར་དུ་Siberia-2 pipeline་ཞེས་པའི་སོལ་རླངས་འདྲེན་གཏོང་ལྕགས་སྦུག་འཐེན་རྒྱུ་ཚུད་མི་འདུག དེ་ནི་ར་ཤི་ཡར་དཔལ་འབྱོར་དཀའ་ངལ་ཕྲད་ནས་འཆར་གཞི་ལག་ལེན་བསྟར་ཐུབ་ཀྱི་མེད་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། སོག་ཡུལ་ལས་གཞི་དེའི་ཁོངས་སུ་ཞུགས་རྒྱུ་སྟབས་བདེ་མེད། རྒྱ་ནག་དང་ར་ཤི་ཡ་གཉིས་རང་བྱུང་སོལ་རླངས་ཀྱི་རིན་གོང་ཐོག་ཏུ་གྲོས་མཐུན་ཡོང་གི་མེད་པ་བཅས་ལ་ཐུག་ཡོད་པར་སྣང་ཞེས་གནས་ཚུལ་སྤེལ་འདུག

སོག་ཡུལ་གྱི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཟུར་པ་མུག་ན་རམ་བྷ་ཡར་ཀཱག་ཝས་གསར་འགོད་པར་བཤད་པ་ལྟར་ན། ར་ཤི་ཡ་ནས་རྒྱ་ནག་ལ་ལྕགས་སྦུག་འཐེན་རྒྱུ་ཡུན་རིང་ཞིག་ལ་ལག་ལེན་བསྟར་མ་ཐུབ་པར་འགོར་སྲིད། ཅིའི་ཕྱིར་ཞེ་ན་ར་ཤི་ཡས་དགོས་ཟེར་བའི་སོལ་རླངས་ཀྱི་རིན་པ་དེ་རྒྱ་ནག་གིས་མི་སྤྲོད། ངས་བལྟས་ན་དུས་སྐབས་གཞན་པ་ཞིག་ལ་སྒུག་དགོས་ས་རེད། ད་དུང་སོག་ཡུལ་གྱི་ས་ཐོག་ཏུ་ཁེལ་བའི་ལྕགས་སྦུག་དེར་ར་ཤི་ཡ་གཅིག་པུས་བདག་སྐྱོང་བྱ་དགོས་ཞེས་གྲོས་གཞིའི་ནང་དུ་བཀོད། དེ་ལྟར་བྱས་ན་སོག་ཡུལ་ལ་འཕྲལ་ཕུགས་གཉིས་སུ་ར་ཤི་ཡའི་ཤུགས་རྐྱེན་ཐེབས་རྒྱུ་ལྡོག་ཏུ་མེད། སོག་ཡུལ་ལ་ར་ཤི་ཡའི་ཤུགས་རྐྱེན་ཆེ་རུ་འགྲོ་རྒྱུ་དེར་རྒྱ་ནག་མི་འཐད། པེ་ཅིང་གིས་གསལ་པོར་མ་བཤད་ཀྱང་སོག་ཡུལ་གྱི་ས་ཐོག་ཏུ་ཁེལ་བའི་ལྕགས་སྦུག་དེར་རྒྱ་ནག་གིས་བདག་སྐྱོང་བྱ་འདོད་འདུག་ཅེས་བསྟན།།

Siberia pipeline་ཞེས་པའི་སོལ་རླངས་འདྲེན་གཏོང་ལྕགས་སྦུག
Siberia pipeline་ཞེས་པའི་སོལ་རླངས་འདྲེན་གཏོང་ལྕགས་སྦུག

སེ་བི་རི་ཡའི་ལྕགས་སྦུག་དེར་རིང་ཚད་སྤྱི་ལེ་༢༥༩༤་ཡོད་པའི་མང་ཆེ་བ་སོག་ཡུལ་གྱི་ས་ཐོག་ཏུ་ཁེལ། ལྕགས་སྦུག་དེ་དངོས་སུ་འཛུགས་ཐུབ་ན་སོག་ཡུལ་ལ་དཔལ་འབྱོར་ཡོང་འབབ་ཁེ་ཕན་ཡོད་ཀྱང་རྒྱ་ནག་དང་ར་ཤི་ཡ་གཉིས་གྲོས་མཐུན་མ་བྱུང་བར་ལས་གཞི་དེ་འགོ་ཚུགས་མ་ཐུབ་པར་ལུས། ཉེ་ཆར་ཕྱི་ཟླ་༦་པའི་ནང་སོག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༡༢༦་ཡོད་པ་རྣམས་འོས་འདེམས་བྱས་ནས་སྲིད་དོན་ཚོགས་པ་གསུམ་ལས་གྲུབ་པའི་མཉམ་སྐྱོང་གཞུང་འཛིན་རྒྱལ་ཡོངས་ཆིག་སྒྲིལ་ཚོགས་པར་འཐུས་མི་༡༡༨་གྱི་གདན་གྲངས་ཐོབ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་སོག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ནས་ལོ་ལྔའི་ལག་བསྟར་ལས་གཞི་ཕྱི་རུ་བསྒྲགས། ཐོག་མར་ར་ཤི་ཡ་དང་རྒྱ་ནག་མཉམ་འབྲེལ་ཐོག་ཏུ་སོལ་རླངས་ལྕགས་སྦུག་འཛུགས་རྒྱུ་དང་ལས་གཞི་དེར་ཨ་སྒོར་དུང་ཕྱུར་༥༠༠་འགྲོ་གྲོན་གཏོང་རྒྱུ། ར་ཤི་ཡ་ནས་ལོ་རེར་རྒྱ་ནག་ལ་སོལ་རླངས་ཧྥི་ཊི་ཤོ་གཟུགས་མ་ཁྲག་ཁྲིག་ཆེན་མོ་༡.༨་རེ་བཙོང་རྒྱུའི་གྲོས་སྡུར་བྱུང་།།

ར་ཤི་ཡའི་ཡཱ་མལ་རླངས་གཏེར་གྱི་སོལ་རླངས་རྣམས་བྷེ་ལོ་རུ་སི་ནས་ལྕགས་སྦུག་ནང་དུ་ཡུ་རོབ་རྒྱལ་ཁབ་པོ་ལན་ཌི་དང་འཇར་མན་གཉིས་ལ་འཚོང་གི་ཡོད་ཀྱང་ཡུཀ་རེན་གྱི་དམག་འཁྲུག་ལངས་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་ཚོང་འབྲེལ་བཅད་ནས་སོལ་རླངས་དེ་རྣམས་རྒྱ་ནག་ལ་མ་བཙོངས་ཐབས་མེད་དུ་གྱུར། མོ་སི་ཀོ་གཞུང་གཉེར་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་སློབ་གླིང་གི་འགན་འཛིན་ཨ་ན་ཀི་རཱི་ཝས་(Ana Kireeva)་ལས་གཞི་དེ་ར་ཤི་ཡ་དང་རྒྱ་ནག་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་རེད། ཕྱོགས་གཉིས་ཀས་གུ་བཤངས་གང་ལེགས་བྱ་དགོས། མ་འོངས་པར་གྲོས་མོལ་གྱི་ཁ་ཕྱོགས་གང་དུ་འགྱུར་རྒྱུ་ཡིན་མིན་བཤད་ཁག་པོ་རེད་ཅེས་བཀྲལ། རྒྱ་ནག་གི་ཧྲང་ཧེའི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཟུང་འབྲེལ་ཉམས་ཞིབ་སློབ་དཔོན་ལི་ལི་ཧྥན་(Li Lifan)་ནས་སོག་པོའི་གཞུང་གིས་རྒྱ་ནག་དང་ར་ཤི་ཡ་གཉིས་ཀས་མ་རྩ་བཙུགས་ན་བསམས་ཀྱང་ར་ཤི་ཡར་དངུལ་སྒོར་མེད། རྒྱ་ནག་ལ་འཕྲལ་དུ་མ་རྩ་འཛུགས་འདོད་མི་འདུག་ཅེས་བསྟན།།

རྒྱ་ནག་གི་སྲིད་བློན་ལི་ཆང་
རྒྱ་ནག་གི་སྲིད་བློན་ལི་ཆང་

ར་ཤི་ཡའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ནི་དཔལ་འབྱོར་ཡོང་འབབ་གཙོ་བོ་ཡིན་ཞིང་། ལོ་འདིའི་ཟླ་བ་༧་གྱི་ནང་རྒྱ་ནག་གིས་ར་ཤི་ཡའི་སོལ་རླངས་ཊོན་ས་ཡ་༧༥.༤་ནང་འདྲེན་བྱས་པར་མ་ཟད། གཟའ་འཁོར་འདིར་རྒྱ་ནག་གི་སྲིད་བློན་ལི་ཆང་(Li Qiang)་ར་ཤི་ཡར་འཚམས་འདྲིར་བསྐྱོད་ནས་གྲོས་གཞི་གལ་ཆེན་ཞིག་སོལ་རླངས་ཀྱི་རིན་གོང་ཐད་གྲོས་སྡུར་བྱ་རྒྱུ་ཡིན་འདུག ཧྲང་ཧེའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་གོ་ལའི་འཛིན་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཀྲའོ་ལུང་གིས་ཁྲོམ་རེའི་ཚད་གཞི་ལྟར་རང་བྱུང་ནུས་པའི་འབྱུང་ཁུངས་དེ་ཕྱོགས་མང་ཞིག་ལ་བརྟེན་དགོས། ལྕགས་སྦུག་དེ་རྒྱལ་ཁབ་གསུམ་ལ་ཕན་ཐོགས་ཡོད་པ་དང་སོལ་རླངས་ཀྱི་རིན་གོང་གི་དཀའ་ངལ་ཙམ་རེད། དེ་ནི་ཡུན་རིང་སེལ་མི་ཐུབ་པའི་དཀའ་ངལ་ཞིག་མ་རེད་ཟེར། སོག་པོའི་སྲིད་འཛིན་གྱིས་ར་ཤི་ཡ་དང་རྒྱ་ནག་གིས་ཐག་གཅོད་ལ་སྒུག་ཡོད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༢་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡར་ཚོང་འབྲེལ་བཅད་ནས་རྡོ་སྣུམ་དང་སོལ་རླངས་ཉོ་མཚམས་བཞག་པའི་རྗེས་སུ་ར་ཤི་ཡ་རྒྱ་ནག་ལ་བརྟེན་རྒྱུ་ཤུགས་ཆེ་རུ་སོང་། ཕུ་ཊིན་གྱིས་རྒྱ་ནག་ལ་སོལ་རླངས་འདྲེན་གཏོང་ལྕགས་སྦུག་འཛུགས་དགོས་པའི་གྲོས་གཞི་བཏོན་མོད། འོན་ཀྱང་རྒྱ་ནག་གིས་ར་ཤི་ཡའི་རྒྱལ་ནང་གི་སོལ་རླངས་རིན་གོང་ལྟར་བཙོང་དགོས། ལོ་ལྟར་ར་ཤི་ཡ་ནས་རོལ་རླངས་མི་ཊར་ཤོ་གཟུགས་མ་དུང་ཕྱུག་༥༠༠་ལས་ཉོ་མི་ཐུབ་ཅེས་ལན་བཏབ། རྒྱ་ནག་ལ་སོལ་རླངས་བཙོང་ཐུབ་ན་ར་ཤི་ཡའི་གྷ་ཛི་པོ་རོམ་བཟོ་ཚོང་ཁང་དཔལ་འབྱོར་དཀའ་ངལ་འོག་ནས་ཐར་སྲིད། ཡུ་རོབ་ལ་ཚོང་འབྲེལ་ཆད་ནས་ན་ནིང་གཅིག་པུར་གྷ་ཛི་པོ་རོམ་བཟོ་ཚོང་ཁང་ལ་ཨ་སྒོར་དུང་ཕྱུར་༦༩་གྱོང་གུད་ཕོག ར་ཤི་ཡའི་གཞུང་གིས་སོལ་རླངས་ལྕགས་སྦུག་འཛུགས་རྒྱུ་དེར་འགོག་རྐྱེན་འཕྲད་ཡོད་པ་སེལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་འདུག

ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེན་མོའི་གོ་ལའི་ནུས་ཤུགས་སྲིད་ཇུས་ཁང་གི་ཉམས་ཞིབ་ཏ་ཊི་ཡ་ན་མི་ཊི་རོ་ཝས་(Tatiana Mitrova)་བཤད་པ་ལྟར་ན། ཁ་སྔོན་ཕྱི་ཟླ་༥་པའི་ནང་ཕུ་ཊིན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱུང་བའི་སྐབས་སུ་ཕུ་ཊིན་ནས་རྒྱ་ནག་གིས་སོལ་རླངས་ལྕགས་སྦུག་འཛུགས་དགོས་པ་དང་རྒྱ་ནག་གི་དངུལ་ཁང་ཁག་གིས་ར་ཤི་ཡའི་ནང་དུ་ཚོང་ལས་གཉེར་རྒྱུ་ཤུགས་ཆེ་རུ་གཏོང་དགོས། ཡུཀ་རེན་གྱིས་ཞི་བའི་ལྷན་ཚོགས་ཤིག་སྐོང་གི་ཡོད་པར་རྒྱ་ནག་མཉམ་ཞུགས་མ་བྱས་པར་སྣང་མེད་གཏོང་དགོས་ཞེས་འབོད་སྐུལ་དོན་ཚན་གསུམ་ཞུས། འོན་ཀྱང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དངུལ་ཁང་ཁག་ལ་ཉེས་ཆད་གཅོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ར་ཤི་ཡར་ཚོང་འབྲེལ་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༡༥་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སོག་ཡུལ་གྱིས་ར་ཤི་ཡ་དང་རྒྱ་ནག་གཉིས་གཙིགས་སུ་འཛིན་གྱི་ཡོད་ཀྱང་ཨ་རི་དང་ཉི་ཧོང་། ཡུ་རོབ་མཉམ་འབྲེལ་སོགས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་ལའང་འབྲེལ་བ་ཟབ་ཏུ་བཏང་སྟེ་ས་ཁམས་ཆབ་སྲིད་ཀྱི་སྟོབས་ཤུགས་སྙོམས་ཐབས་སུ་འབད། དཔེར་ན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སོག་ཡུལ་དུ་འཚམས་འདྲིར་ལྷགས། ནེའུ་ཡོཀ་གྲོང་ཁྱེར་གྱི་ཆབ་སྲིད་ཐབས་ཇུས་འདྲི་ཡུལ་ཁང་གི་གཙོ་འཛིན་གཞོན་པ་ཤོན་ཀིང་(Sean King)་གིས་སོག་པོའི་འགོ་ཁྲིད་ཚོས་ཨ་རི་སོགས་ལ་འབྲེལ་བ་བཙུགས་ནས་རྒྱ་ནག་དང་ར་ཤི་ཡའི་ཤུགས་རྐྱེན་འགོག་གི་ཡོད་པ་ཐབས་མཁས་ཤིག་རེད་ཅེས་དཔྱད་བརྗོད་སྤེལ། ཉེ་བའི་ཟླ་ཤས་ནང་དུ་འཇར་མན་ཎིའི་སྲིད་འཛིན་དང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ། ཧྥི་ལི་ཕིན་གྱི་ཕྱི་སྲིད་དྲུང་ཆེ། ཧྥ་རན་སིའི་སྲིད་འཛིན་སོགས་སོག་ཡུལ་དུ་ཕེབས་འདུག

གླེང་སྟེགས།

XS
SM
MD
LG