བལ་ཡུལ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་བཀོད་སྒྲིག་འོག་ཕྱི་ཚེས་༡༡་ཉིན་ཀོ་པན་དགོན་གྱི་འདུ་ཁང་དུ་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་༣༣་སྟེང་ཚོགས་མགོན་དུ་དབུ་བཞུགས་གནང་ཞིང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་དང་དགོན་ཁག་བཅུའི་སློབ་མ་རྩེ་ཕུད་རྣམས་ལ་གཟེངས་བསྟོད་བྱ་དགའ་གསོལ་རས་བསྩལ་ཡོད་པ་རེད།མཛད་སྒོའི་ཐོག་མར་རིན་པོ་ཆེ་མཆོག་ལ་མནྟྲལ་རྟེན་གསུམ་འདེགས་འབུལ་དང་ཆབས་ཅིག་བསླབ་པ་མཐར་སོན་རྣམས་ལ་བྱ་དགའ་བསྩལ་རྗེས། ཚོགས་གཙོ་དགེ་བཤེས་རྒྱལ་མཚན་བཟོད་པ་ལགས་ཀྱིས་དཔེ་ཁྲིད་དགེ་རྒན་རྣམ་པའི་ལྷག་བསམ་སྙིང་རྗེ་དང་སློབ་གཉེར་བ་ཚོའི་འབད་བརྩོན་སློབ་གཉེར་ལ་བརྟེན་ནས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ལྟར་སློབ་གཉེར་རྩེར་སོན་པ་རྣམས་ལ་བྱ་དགའ་དང་། རྒྱུགས་སྤྲོད་ལེགས་པོ་མ་བྱུང་བ་རྣམས་ཡིན་ནའང་བློ་ཕམ་མི་དགོས་བར། དོན་དངོས་པོའི་སྟེང་ནས་བཤད་ན་ང་ཚོ་ཚང་མ་ཆོས་ཉམས་ལེན་བྱེད་མཁན་ཡིན་པའི་ཆ་ནས་ཉམས་ལེན་གལ་ཆེན་དུ་བརྩི་དགོས་ལུགས་སོགས་གསུང་བཤད་ནང་ནན་བརྗོད་གནང་སོང་།
དེ་དང་ཆབས་ཅིག་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་དོན་ནང་། ང་ཚོ་བོད་ལ་དུས་འགྱུར་བྱུང་བའི་རྗེས་སུ་༧གོང་ས་མཆོག་གིས་སྐྱ་སེར་དབྱེ་བ་མེད་པར་བསླབ་པ་སློབ་གཉེར་གནང་་དགོས་བའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་པ་ལ་བརྟེན། བོད་ཕྱི་ནང་གི་གདན་ས་གསུམ་གཙོ་བོར་གྱུར་བའི་རིས་མེད་དགོན་སྡེ་ཁག་གི་ནང་དུ་གཞུང་བསླབ་པ་སློབ་གཉེར་གྱི་གོ་སྐབས་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་འདིར་བལ་ཡུལ་ནང་ལ་མཚོན་ནའང་སློབ་གཉེར་ཚུལ་བཞིན་དུ་གནང་སྟེ་རྒྱུགས་སྤྲོད་མཐར་སོན་པའི་གནས་ཚུལ་འབྱུང་གི་ཡོད་པ་འདི་ནི་དགོན་སྡེ་ཁག་གི་མཁན་བླ་དབུ་གསུམ་དང་སློབ་གཉེར་བ་བཅས་ཐུན་མོང་གིས་འབད་པ་ལ་བརྟེན་ནས་༧རྒྱལ་བའི་བཀའ་བཞིན་དུ་བསྒྲུབ་པའི་འབྲས་བུ་ཡིན་ཙང་། ཁྱེད་ཅག་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡར་རྒྱས་ཞེས་བ་དེར་མཐའ་ཟེར་བ་ཞིག་མེད་ཙང་མ་འོངས་པ་ནའང་མུ་འཐད་དུ་ཡར་རྒྱས་ཀྱི་ཕྱོགས་སུ་འབད་པ་བྱེད་རོགས་ཅེས་སོགས་བཀའ་གནང་སོང་། ད་ལོར་གཞུང་ཆེན་བཀའ་པོད་ལྔ་བསླབ་པ་མཐར་སོན་མཁན་དགེ་བཙུན་བདུན་བྱུང་ཡོད་པ་རེད་འདུག
གླེང་སྟེགས།