ཕྱི་ཟླ་བཅུ་ཅིག་གི་ཚེས་༧ བོད་ནང་གི་ཐོ་རེངས་ཚོུད་༤ དང་སྐར་མ་༢༠ ཐོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་༡༠༦ ཙམ་གྱི་སར་ཡོད་པའི་མལ་གྲོ་གུང་དཀར་ལ་ས་ཡོམས་ཤུགས་ཚད་རིམ་པ་བཞི་དང་ཚེག་བདུན་དང་གཏིང་ཚད་རིམ་པ་སྤྱི་ལེ་བཅུ་བརྒྱབ་ཏེ་མི་རྣམས་འཇིགས་སྣང་ཆེན་པོ་བྱུང་འདུག ཡིན་ན་ཡང་སྡོད་ཁང་ཁ་ཤས་ལ་སེར་ཁ་གས་པ་ལས་མི་དང་སྒོ་འཕྱུགས་སེམས་ཅན་ལ་གནོད་ཚེ་བྱུང་མེད་པ་རེད་འདུག་ ས་ཡོམས་དེའི་ཤུགས་རྐྱེན་ལྷ་ས་དང་ལྷོ་ཁ་འཕན་པོ་བཅས་ལ་ཡང་ཐེབས་ཡོད་འདུག ཅེས་རང་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚལ་འགྲེལ་བརྗོད་གནང་སོང་།
གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན་མལ་གྲོའི་ནང་ལ་ད་ལོ་གཅིག་པོ་ལ་ས་ཡོམས་ཐེངས་གསུམ་བརྒྱབ་སོང་ཐེངས་དང་པོ་དང་གཉིས་པ་ཤུགས་ཚད་དེ་རིམ་པ་བཞི་རེད་ཟེར་གྱི་འདུག རིམ་པ་གཉིས་པ་དེ་ད་ལོ་ཕྱི་ཟླ་༡༠ ཚེས་༢༡ ལ་བརྒྱབ་པ་རེད་ཡིན་ནའི་རེས་ཀྱི་ཤུགས་ཚད་དེ་ཆེ་ཤོས་རེད་རིམ་པ་བཞི་དང་ཕྱེད་ཀ་རེད་ཟེར་གྱི་འདུག་ གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ནང་ང་ཚོའི་ལུང་པར་ས་ཡོམས་དེ་འདྲ་མང་པོོ་རྒྱག་དགོས་དོན་ནི་མལ་གྲོའི་ནང་ལ་ལོ་མང་པོའི་གོང་ནས་གཏེར་ཁ་བསྔོག་གི་ཡོད་པ་རེད་ད་དུང་མུ་མཐུད་བསྔོག་བཞིན་པ་རེད། གཙོ་བོ་དེ་གཏེར་ཁ་བསྔོག་ཡས་མང་དྲག་ནས་བྱུང་བ་འཁྲུག་པའི་རྐྱེན་ཡིན་པ་མི་ཚང་མས་ཤེས་ཀྱི་ཡོད་རེད་ཡིན་ན་ཡང་དེ་འདྲ་ཁ་ནས་བཤད་ཕོད་ཀྱི་ཁ་ཡོད་རེད། ངའི་བསམ་པར་གཏེར་ཁ་བསྔོག་ཡས་དེ་མཚམས་མ་གཞག་ན་ད་དུང་གནས་ཚུལ་དེ་ལས་ཚབས་ཆེ་བ་ཡོང་རྒྱུའི་ཉེན་ཁ་ཡོད་རེད་བྱས་ཙང་མང་ཚོགས་རྣམས་ཞེད་སྣང་དང་དངང་སྐྲག་བྱས་ནས་བསྡད་འདུག་ཅེས་སོགས་འགྲེལ་བརྗོད་གནང་སོང་།
ཡང་བོད་ནང་ས་ཡོམས་བརྒྱབ་པའི་གནས་ཚུལ་ཐོན་རྗེས་འཁྱུགས་དབྱིངས་དང་སྐད་འཕྲིན་བཅས་དྲ་ལམ་ནང་ས་གནས་བོད་མི་ཚོས་བརྙན་ཐུང་ནང་ས་ཡོམས་དེའི་སྐོར་གླེང་སློང་སྣ་ཚོགས་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་ཐེངས་འདིའི་ས་ཡོམས་ནི་གཏེར་ཁ་བསྔོག་པ་ལ་བྱུང་བ་རེད་ཅེས་ཁ་གསང་ནས་སྐྱོན་བརྗོད་བྱས་འདུག་ལ་དེ་དག་གི་འོག་ཏུ་མི་མང་པོས་གཏེར་ཁ་བསྔོག་འདོན་བྱ་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་གྱི་མཆན་རྒྱག་མཁན་ཡང་མང་པོ་ཞིག་བྱུང་འདུག
མལ་གྲོ་གུང་དཀར་དུ་ཟླ་བ་འདིའི་ནང་ས་ཡོམས་ཐེངས་གསུམ་བརྒྱབ་འདུག དེ་ནི་ཕྱི་ཟླ་༡༠ ཚེས་༢༡ ཉིན་ཤུགས་ཚད་རིམ་པ་བཞི་ཡི་ས་ཡོམས་བརྒྱབ་པ་དང་ཡང་ཕྱི་ཟླ་༡༠ ཚེས་༣༡ ཉིན་ཞོགས་པའི་ཚུ་ཚོད་༩ སྐར་མ་༣༢ ཐོག་ས་ཡོམ་རིམ་པ་༤.༡ བརྒྱབ་པ་དང་ཕྱི་ཟླ་༡༡ ཚེས་༧ ཐོ་རེངས་རིམ་པ་༤.༧ བརྒྱབ་འདུག་ལ་ཉེ་ཁུལ་ལྷ་ས་དང་འཕན་པོ་ལྷོ་ཁ་བཅས་ལ་ས་ཡོམས་དེ་དག་གི་འགུལ་ཤུགས་མངོན་གསལ་དོད་པོ་ཚོར་འདུག
ཡང་ས་ཡོམས་དེའི་སྐོར་རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་ཁྱབ་ཀྱི་གནས་ཚུལ་སྤེལ་བ་དམིགས་བསལ་མཐོང་རྒྱུ་མེད་མི་འདུག འོན་ཀྱང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཞིག་གིས་བོད་རང་སྐྱོང་ལྗོངས་ས་ཡོམས་སྒེར་ངོས་ནས་མང་ཚོགས་ཀྱི་དྲི་བར་ལན་གསལ་བཤད་ཚུལ་དུ་གནས་ཚུལ་སྤེལ་བའི་ནང་ད་བར་བོད་རང་སྐྱོངས་ལྗོངས་ཞེས་པའི་ས་ཁུལ་དུ་ལོ་ངོ་༥ ནང་རིམ་པ་གསུམ་ཡན་གྱི་ས་ཡོམས་ཐེངས་༡༨ བརྒྱབ་ཡོད་པ་དང་ད་ལོ་༢༠༢༤ ལོའི་ནང་ས་ཡོམས་ཐེངས་བདུན་བརྒྱབ་པ་དང་དེ་དག་གི་ནང་ནས་ཉེ་ཆར་ཕྱི་ཟླ་༡༡ ཕྱི་ཚེས་༧ ཐོ་རེངས་ལ་བརྒྱབ་པའི་ས་ཡོམས་དེ་ནི་ཤུགས་ཚད་ཆེ་ཤོས་དེ་ཡིན་པ་བཤད་འདུག
གསར་འགོད་པས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁྱབ་ཁོངས་བོད་ཀྱི་ཁོར་ཡུག་ཚན་པར་གནས་ཚུལ་དེའི་སྐོར་བཀའ་དྲི་ཞུས་ཀྱང་དུས་ཚོད་ཀྱིས་རྐྱེན་པས་ལན་འདེབས་གནང་མཁན་མ་བྱུང་།
ཡང་ད་ལྟ་ཤེས་རྟོག་བྱུང་གསལ་ལ་དེ་རིང་ཕྱི་ཟླ་༡༡ ཚེས་༨ ཉིན་རྒྱབ་ཕྱག་ཚོད་༡ ཐོག་ལ་ཡང་ཤུགས་ཚད་རིམ་པ་༤།༦ ཅན་གྱི་ས་ཡོམས་བརྒྱབ་ཡོད་པ་དང་ས་ཡོམས་དེའི་འགུལ་ཤུགས་ཁྱབ་ཚད་ནི་སྤྱི་ལེ་༡༢༥ ནང་ཡིན་པའི་གནས་ཚུལ་ཞིག་ཐོན་བཞིན་འདུག་ཀྱང་གནས་ཚུལ་ཞིབ་ཕྲ་མུ་མཐུད་རྩད་གཅོད་བྱེད་བཞིན་ཡོད།
རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཡིན།
གླེང་སྟེགས།