ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

འབྲི་རུ་རྫོང་དང་གཉན་རོང་རྫོང་ལ་ས་འགུལ་བརྒྱུགས་པ།


༄༅།། དེ་རིང་སྤྱི་ཟླ་༣་པའི་ཚེས་༡༩་ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་ས་ཁུལ། འབྲི་རུ་རྫོང་དང་གཉན་རོང་རྫོང་གཉིས་ས་ཡོམ་འགུལ་ཚད་༦་དང་གྲངས་ཆུང་༡་ཅན་ཞིག་བརྒྱུགས་ཡོད་ཅིང་། བོད་ནང་གི་ས་གནས་དེ་གའི་བོད་པ་ཞིག་ལ་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་བཅར་འདྲི་ཞུས་པ་ལྟར་ན། དེ་རིང་ས་འགུལ་བརྒྱུགས་ནས་མི་མང་ལ་དངངས་སྐྲག་ཧ་ཅང་ཆེན་པོ་བྱུང་སོང་། ནག་ཆུ་གྲོང་ཁྱེར་གྱི་གཉན་རོང་རྫོང་ལ་མཚོན་ན་ས་འགུལ་དེས་མི་མང་གི་ཁང་པ་མང་པོར་གས་སྲུབས་ཆེན་པོ་གཏད་དང་མི་རྣམས་རང་ཁྱིམ་དུ་འདུག་མ་ཕོད་པར་ཕྱི་ལ་འབྲོ་དགོས་བྱུང་སོང་། གཉན་རོང་རྫོང་གི་ཉེ་འཁྲིས་སུ་ཡོད་པའི་གཞུང་བཙུགས་རྒན་གསོ་ཁང་ཞིག་གི་ཁང་པ་མང་པོར་གས་ཁ་བརྒྱུགས་འདུག ད་ལྟའི་ཆར་མི་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་བྱུང་བ་སོགས་གོ་ཐོས་མི་འདུག མི་མང་གིས་ས་འགུལ་བསྐྱར་དུ་བརྒྱུག་རྒྱུའི་ཉེན་ཚབས་ལ་སྐྲག་སྣང་བྱེད་ཀྱི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།།

གསར་འགྱུར་མཁོ་སྤྲོད་པས་འབྲི་རུ་རྫོང་ལ་ས་ཡོམ་འགུལ་ཤུགས་ཆེ་ཤོས་དེ་བརྒྱུགས་སོང་། ཞིང་འབྲོག་མང་ཚོགས་ཀྱི་ཁང་མང་པོར་གས་སྲུབས་གཏད་ཡོད་པར་མ་ཟད། གློ་བུར་དུ་ས་འགུལ་བརྒྱུགས་པའི་སྟབས་ཀྱིས་མི་མང་པོ་ཞིག་དྲན་པ་བརྒྱལ་ནས་སྨན་ཁང་དུ་འཁྱེར་དགོས་བྱུང་ཞིང་། ཕྱི་དྲོའི་ཆུ་ཚོད་༥་པ་ཡས་མས་སུ་དྲན་པ་བརྒྱལ་བའི་ནད་པ་མང་པོ་ཞིག་དྲན་ཤེས་སོས་ནས་རང་སོར་བབས་འདུག ས་གནས་མི་མང་གིས་རང་རང་གི་དྲྭ་ངོས་སུ་ཁང་པར་གས་སྲུབས་གཏད་ཡོད་པ་རྣམས་པར་བརྒྱབ་སྟེ་བརྒྱུད་སྐུར་བྱེད་བཞིན་པའི་སྒང་ཡིན་ཞིང་། དེ་རིང་གློ་བར་དུ་བྱུང་བའི་གོད་ཆག་དེར་རྒྱ་གཞུང་གིས་རོགས་སྐྱོར་བྱེད་མཁན་ནམ། ཡང་ན་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་ཀྱི་མི་འདུག དཀའ་ངལ་འཕྲད་བཞིན་པའི་མང་ཚོགས་ཀྱིས་གནས་སྟངས་ངོ་མ་རྣམས་བརྙན་དང་པར་བླངས་ནས་གོང་རིམ་ལ་འབུལ་ལམ་ཞུས་ཚེ། ཕྱིས་སུ་གུན་གསབ་རེ་སྤྲོད་སྲིད་པར་ཚོད་དཔག་བྱེད་ཀྱི་འདུག་ཅེས་སོགས་བརྗོད་བྱུང་།།

ཕྱི་ཟླ་༣་པའི་ཚེས་༡༩་ཉིན་རྒྱ་ནག་གི་ས་ཡོམ་ལས་ཁུངས་ཀྱི་དྲྭ་ངོས་སུ་གནས་ཚུལ་བཀོད་པ་ལྟར་ན། ཟླ་༣་ཚེས་༡༩་ཉིན་གྱི་ཆུ་ཚོད་༡༤་དང་སྐར་མ་༡༡་གི་ཐོག་ཏུ་བོད་ལྗོངས་ནག་ཆུ་གྲོང་ཁྱེར། འབྲི་རུ་རྫོང་དུ་ས་ཡོམ་རིམ་པ་༦.༡་ཅན་ཞིག་བརྒྱུགས་སོང་། ཡོམ་ཁུང་གཏིང་ཚད་སྟོང་སྨི་༡༠་ཟིན་པ་དང་ས་ཡོམ་གྱི་ལྟེ་བ་བྱང་གི་འཕྲེད་ཐིག་ཏུའུ་༣༡.༩༤་ཟིན། ཤར་གྱི་གཞུང་ཐིག་ཏུའུ་༩༢.༧༤་ཟིན་ཅེས་བཀོད་འདུག དེ་བཞིན་མི་སྒེར་པ་མང་པོ་ཞིག་གིས་ས་འགུལ་བརྒྱུགས་པའི་སྐབས་སུ་དངངས་སྐྲག་བྱུང་ཡོད་ལུགས་དང་མིའི་ཚེ་སྲོག་ལ་གནོད་པ་བྱུང་མེད་པར་ཤོག་ཅེས་དྲྭ་ངོས་སུ་མཆན་བྲིས། དེ་རིང་གི་ས་འགུལ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ལའང་གཡོ་འགུལ་ཅུང་ཙམ་ཐེབས་འདུག་ཅེས་བརྒྱུད་ལམ་ཁག་ཏུ་འཁོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG