༄༅།། ལ་དྭགས་ཀྱི་ཆུའི་ཐོན་ཁུངས་ནི་གངས་རི་དང་འཁྱག་རོམ་ལ་བརྟེན་ཡོད་ཀྱང་འཛམ་གླིང་ཡོངས་སུ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་གངས་རི་དང་འཁྱག་རོམ་རྣམས་མྱུར་དུ་ཞུ་སྟེ་ཆུ་རྒྱུན་རིམ་གྱིས་སྐམ། ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་པ་ཚོས་དགུན་གྱི་དུས་སུ་འཁྱག་པའི་མཆོད་རྟེན་བཞེངས་ཏེ་རྒྱུག་ཆུ་འཁྱག་པར་བསྒྱུར། དཔྱིད་ཀྱི་དུས་སུ་འཁྱག་པ་ཞུ་སྟེ་མི་དང་ཕྱུག་ཟོག་ལ་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་གི་དཀའ་ངལ་སེལ། ལ་དྭགས་ལ་དབྱར་གྱི་དུས་སུའང་ལོ་ལྟར་ཆར་ཆུ་མཱི་ལི་མཱི་ཊར་༡༠༠་ཡས་མས་རེ་ལས་མི་འབབ། ལ་དྭགས་པ་ཚོས་དཔྱིད་ཀྱི་དུས་སུ་གངས་ཆུ་ལ་བརྟེན་ནས་ས་ཞིང་གདབ་དགོས་མོད། ད་ལྟ་ལོ་རེ་བཞིན་གངས་ཆུ་ཉུང་དུ་ཕྱིན་ཏེ་ཞིང་པ་ཚོར་དཀའ་ངལ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག
ཉེ་བའི་ལོ་ཤས་གོང་ནས་ལ་དྭགས་ཀྱི་རི་མགོའི་ཁ་བ་ཡང་ཡུན་རིང་ཆགས་མི་ཐུབ་པར་ཞིང་འབྲོག་མང་ཚོགས་ལ་ཆུའི་དགོས་མཁོ་ཆེ་བའི་དུས་སུ་འཐུང་ཆུ་ཆད་པའམ། ཡང་ན་ཆུ་དཀོན་གྱི་དཀའ་ངལ་ཆེ་རུ་ཕྱིན་ཏེ་ཞིང་པ་ཚོར་དཔྱིད་ཀར་ཞིང་ཆུ་འདྲེན་གཏོང་བྱ་རྒྱུ་མེད་པར་ས་ཞིང་གདབ་མི་ཐུབ་པ་དང་ཞིང་ལས་གཉེར་དཀར་བར་གྱུར། དེང་སང་གངས་རི་དང་འཁྱག་རོམ་རྣམས་ཞུ་སྟེ་ས་གནས་ཁག་ཅིག་ལ་ཆུ་ལོག་རྒྱུག་པ་དང་ས་གནས་འགའ་ཤས་ལ་ཐན་པ་བྱུང་བ། ཆུའི་ཐོན་ཁུངས་སྐམ་གྱི་ཡོད་པ་ནི་ལ་དྭགས་གཅིག་པུ་མིན་པར་ཧི་མ་ལ་ཡའི་ལྗོངས་དང་འཛམ་གླིང་སྤྱིའི་དཀའ་ངལ་ཞིག་ཡིན་པ་སྟེ། འཛམ་གླིང་རྒྱལ་ཁབ་ཁག་གིས་རྡོ་སོལ་གྱི་གློག་ཁང་ཁག་སྒོ་བརྒྱབ་མ་པ་དང་རླངས་འཁོར་སོགས་ཀྱི་ནག་རྫས་དུད་རླངས་འགོག་མ་ཐུབ་ཚེ། སའི་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་ཏེ་གངས་རི་དང་འཁྱག་རོམ་རྣམས་ཞུ་རྒྱུ་འགོག་ཏུ་མེད།།
༢༠༡༣་ལོར་ལ་དྭགས་ཀྱི་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་རྒྱུག་པ་བསླངས་ཏེ་མཆོད་རྟེན་ལྟ་བུའི་ཕྱི་སྒྲོམ་ཞིག་བཟོས། མཐོ་ས་ནས་ས་འོག་ཏུ་ཆུ་སྦུག་འཐེན་ཏེ་ཆུ་རྣམས་རྒྱུག་པའི་ཐོག་ལ་འབབ་ཏུ་བཅུག ལ་དྭགས་ལ་དགུན་ཁར་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བས་རྒྱུག་པའི་ཐོག་ཏུ་བབས་པའི་ཆུ་རྣམས་མྱུར་དུ་མཆོད་རྟེན་ལྟ་བུའི་འཁྱག་པར་གྱུར་ཏེ་ཆུ་བསྲི་ཚགས་ཀྱི་ཐབས་ལམ་གསར་པ་ཞིག་རྙེད། ༢༠༡༥་ལོར་ལ་དྭགས་པ་༡༠༠༠་ཙམ་གྱིས་འཁྱག་ཆུ་ལ་བརྟེན་ནས་སྡོང་ཕྲུག་༥༠༠༠་ལྷག་བཙུགས་ཏེ་སྐྱ་སྐམ་གྱི་ས་གཞི་དེ་ཉིད་ལྗང་མདོག་ཏུ་བསྒྱུར། དེ་ནས་བཟུང་སྟེ་ལ་དྭགས་རྒྱལ་ཡོངས་སུ་ལོ་ལྟར་དགུན་གྱི་དུས་སུ་འཁྱག་པའི་མཆོད་རྟེན་བཞེང་སྐྲུན་གྱི་ལས་འགུལ་ཚུགས།།
༢༠༢༤་ལོའི་ཕྱི་ཟླ་༡༠་པའི་ནང་བསོད་ནམས་དབང་ཕྱུག་ནས་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་དོན་དུ་གནམ་གཤིས་ཚ་དྲོད་རྒྱས་བཞིན་པ་འགོག་ཐབས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་དགོས། རྒྱ་གར་གྱི་རྩ་ཁྲིམས་ནང་དུ་ཚོ་ཤོག་མངའ་སྡེ་ཁག་ལ་ཡོད་པའི་ཐོབ་ཐང་རྣམས་ལ་དྭགས་ལའང་སྤྲོད་དགོས་ཞེས་ཉིན་བཅོ་ལྔར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ། མཐར་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ལ་དྭགས་ཀྱི་སྡེ་ཤོག་ཁག་གི་འགོ་ཁྲིད་ཚོར་གྲོས་མོལ་བྱེད་ཆོག་ཅེས་ཁས་ལེན་བྱས་པའི་རྗེས་སུ་ཟས་བཅད་ངོ་རྒོལ་མཚམས་བཞག ལ་དྭགས་པ་བསོད་ནམས་དབང་ཕྱུག་དང་ཁོར་ཡུག་སྲུང་སྐྱོབ་པ་ཚོས་འཁྱག་པའི་མཆོད་རྟེན་ནི་ཁོར་ཡུག་སྲུང་སྐྱོབ་དང་ཆུ་བསྲི་ཚགས་ཀྱི་ཐབས་ལམ་ཙམ་མིན། དེ་ནི་གསར་གཏོད་ལ་ནུས་པ་ལྡན་པ་དང་ལ་དྭགས་ཀྱི་འབྱུང་འགྱུར་ལ་རེ་ལྟོས་ཆེ་བའི་མཚོན་རྟགས་ཡིན་ཞེས་བསྟན།།
ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་The Statesman་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དུས་རབས་༢༡་པའི་མཇུག་དེར་འཛམ་གླིང་གི་འཁྱག་རོམ་གསུམ་ཆའི་གཉིས་ཞུ་ཚར་རྒྱུ་དང་ས་གནས་མང་པོར་འཐུང་ཆུ་ཆད་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ལ་དྭགས་པ་ཚོས་འཁྱག་པའི་མཆོད་རྟེན་བཞེངས་ནས་ཆུ་བསྲི་ཚགས་ཀྱི་ཐབས་ལམ་ཞིག་གསར་གཏོད་བྱས་པ་ནི་རླབས་ཆེན་རེད་ཅེས་བསྔགས་བརྗོད་ཐོབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆུའི་ལས་འཆར་ཁང་གིས་འཁྱག་རོམ་གསར་བཟོ་དང་ཆུའི་ཐོན་ཁུངས་གསར་འཚོལ་གྱི་འགྲན་སྡུར་ཚུགས། རྒྱལ་ཚོགས་ཀྱི་འགྲན་སྡུར་དེར་རྒྱལ་ཁབ་༡༠༤་ནས་འགྲན་སྡུར་བྱེད་མཁན་མི་༧༠༠༠་ལྷག་ཞུགས། ༢༠༢༥་ནི་འཁྱག་རོམ་གསར་བཟོ་དང་སྲོལ་རྒྱུན་གྱི་ལྕོག་མཁར་ནང་དུ་ཆུ་གསོག་འཇོག་བྱེད་ཐུབ་པའི་ཐབས་ལམ་འཚོལ་ཞིབ་ཀྱི་ལོ་ཡིན་ཞེས་བསྒྲགས།།
འགྲན་སྡུར་བ་སུ་ཞིག་གིས་འཁྱག་རོམ་གསར་བཟོ་དང་ཆུ་གསོག་འཇོག་གི་ཐབས་ཇུས་ཡག་པོ་སྟོན་ཐུབ་ན་མི་དེར་ཡུ་སྒོར་ཁྲི་ཚོ་༢་བྱ་དགའ་སྤྲོད་རྒྱུའི་ཐག་བཅད། ཡུ་རོབ་རྒྱལ་ཁབ་སི་ལོ་ཝེ་ནི་ཡའི་པར་པ་སི་རིལ་ཡ་ཛི་བྷེ་ཛིས་ལ་དྭགས་ཀྱི་འཁྱག་པའི་མཆོད་རྟེན་རྣམས་པར་འདྲ་བླངས་ཏེ་གཟེངས་རྟགས་སྤྲད། འཛམ་གླིང་གི་ཤར་ནུབ་ལྷོ་བྱང་ཀུན་ཏུ་ཆུ་མེད་ན་སྐྱེ་འགྲོ་དང་རྩི་ཤིང་ཐམས་ཅད་འཚོ་གནས་མི་ཐུབ་པ་དང་འགྲོ་བ་མིའི་དཔལ་ཡོན་དེ་ཉིད་འཕྲོ་རྒྱུན་ཆད་སྲིད་པའི་གོ་རྟོགས་མཐོ་རུ་སོང་། རྒྱལ་ཚོགས་ཀྱི་ཆུའི་ལས་འཆར་འགན་འཛིན་མཱི་ཁེ་ལ་མཱི་ལེ་ཏོས་(Michela Miletto)་འགྲན་སྡུར་བ་ཚོས་ཆུའི་ཐོན་ཁུངས་སྲུང་སྐྱོབ་ཀྱི་ཐབས་ཇུས་སྣ་ཚོགས་ཤིག་བསྟན་པ་དེས་མི་རྣམས་ཆུའི་དོན་དུ་སེམས་ཁྲལ་ཡོད་པ་གསལ་པོ་རེད། འགྲན་སྡུར་གྱི་ཐ་མའི་རྒྱལ་ཁ་ཐོབ་མཁན་དེ་༢༠༢༥་ལོའི་རྒྱལ་སྤྱིའི་འགྲེམ་སྟོན་སྐོར་སྐྱོད་ལ་གདམ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག
གླེང་སྟེགས།