༢༠༢༤།༡༢།༠༤
ཨ་རིའི་རླུང་འཕྲིན་ཁང་།
༄༅།། རྒྱ་གར་གཞུང་དང་ལ་དྭགས་ཀྱི་སྐུ་ཚབ་ཚོས་གྲོས་མོལ་བྱས་ནས་དབུས་ཐད་སྐྱོང་མངའ་ཁུལ་དེའི་ལས་བྱེད་པའི་ས་མིག་བརྒྱ་ཆ་༩༥་ས་གནས་མི་མང་ལ་ཟུར་འཇོག་བྱ་རྒྱུ་དང་བོད་ཊིའམ། བོད་ཡིག་དང་ཨུར་རྡུ་གཉིས་ལ་དྭགས་ཀྱི་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱ་རྒྱུའི་གྲོས་འཆམ་བྱུང་ཞིང་། ཕྱི་ཟླ་༡༢་པའི་ཚེས་༤་ཉིན་ཧིན་རྡུ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་གཟའ་མིག་དམར་ཉིན་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་མངའ་སྡེའི་ལས་དོན་བློན་ཆེན་ཎི་ཏི་ཡ་ཨ་ནན་ད་ར་ཡེས་(Nytyanand Rai)་འགོ་ཁྲིད་པའི་དབུས་ནང་སྲིད་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཁག་དང་ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས། མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་སྐུ་ཚབ་ཚོས་ལྡི་ལི་གསར་པར་གྲོས་མོལ་བྱས་ནས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མིའི་ས་མིག་གསུམ་ཆའི་གཅིག་བུད་མེད་ལ་ཟུར་འཇོག་བྱ་དགོས། ལ་དྭགས་ཀྱི་ས་ཆའི་བདག་ལ་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་བྱ་རྒྱུའི་གྲོས་འཆམ་བྱུང་བའི་གནས་ཚུལ་ཐོན་འདུག
ད་ཐེངས་ཀྱི་གྲོས་མོལ་དེར་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་གླེའི་འགོ་གཙོ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་(Thupstan Chhewang)་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་འཐུས་མི་ཀུན་མཛེས་སྒྲོལ་མ་(Kunzes Dolma)་སོགས་འཐུས་བརྒྱད་ཀྱིས་ཆ་ཤས་བླངས། རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ས་ཆ་དང་རིག་གཞུང་སྲུང་སྐྱོབ་བྱ་དགོས་ཞེས་རྩ་ཁྲིམས་ནང་དུ་འགོད་ཆོག རི་སྐྱེས་སེམས་ཅན་སྲུང་སྐྱོབ་ཚུད་པའི་ལ་དྭགས་པ་ཚོར་སེམས་འཚབ་ཡོད་པའི་གནད་དོན་༢༢་གྱི་ཁྲིམས་ལ་བསྐྱར་ཞིབ་བྱ་རྒྱུའི་གྲོས་གཞི་བཏོན། གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་གིས་དབུས་གཞུང་གིས་ལ་དྭགས་ཀྱི་ལས་བྱེད་པའི་ས་མིག་དེ་ཚོར་མྱུར་དུ་ལས་བྱེད་པ་བསྐོ་བཞག་བྱ་རྒྱུའི་ཁག་ཐེག་བྱས་བྱུང་། ང་ཚོས་ལ་དྭགས་ཀྱི་ལས་བྱེད་པ་རྣམས་ཇམ་མུ་ཀསྨིར་གྱི་ལས་བྱེད་འདེམས་བསྐོ་ལྷན་ཚོས་བརྒྱུད་ནས་བསྐོ་དགོས། ལྡི་ལིའི་ཨན་ད་མན་དང་ནི་ཀོ་བྷར་གླིང་ཕྲན་གྱི་ལས་བྱེད་འདེམས་བསྐོ་ལྷན་ཚོགས་བརྒྱུད་ནས་བསྐོ་བཞག་བྱེད་མི་དགོས་པའི་ནན་བརྗོད་བྱས་པ་ཡིན་ཞེས་བསྒྲགས།།
༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༥་ཉིན་སྲིད་བློན་མོ་དྷིའི་གཞུང་གིས་རྩ་ཁྲིམས་དོན་ཚན་༣༧༠་ཐམ་པ་ཕྱིར་བསྡུ་བྱས་ནས་ཇམ་མུ་ཀསྨིར་ལ་དམིགས་བསལ་གྱི་དབང་ཚད་དང་མངའ་སྡེའི་གནས་བབ་ཡོད་པ་རྣམས་མེད་པར་གྱུར། ཇམ་མུ་ཀསྨིར་དང་ལ་དྭགས་གསུམ་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར། འདས་པའི་ལོ་ལྔའི་རིང་ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་དང་མངའ་སྡེའི་གྲོས་ཚོགས་འཛུགས་ཆོག་པའི་དབང་ཚད་དགོས། ལ་དྭགས་ལ་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་གི་ཐོབ་ཐང་རྣམས་སྤྲོད་དགོས། ས་གནས་ཀྱི་ལས་བྱེད་པའི་ས་མིག་རྣམས་ས་གནས་མི་མང་ལ་ཟུར་འཇོག་བྱ་དགོས། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་གླེ་དང་མཁར་དཀྱིལ་གཉིས་ལ་གྲོས་ཚོགས་འཐུས་མི་རེའི་གདན་ཐོབ་སྤྲོད་དགོས་ཞེས་དགོས་འདུན་དོན་ཚན་༤་བཏོན་ནས་ལས་འགུལ་སྤེལ།།
གླེའི་འགོ་གཙོ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་གིས་ལ་དྭགས་རྒྱ་གར་གྱི་དབུས་ཐད་སྐྱོང་མངའ་ཁུལ་དུ་གྱུར་ནས་བཟུང་། ད་ལྟའི་བར་དུ་ལས་བྱེད་པ་གཅིག་ཀྱང་བསྡུ་ཐུབ་མེད། ང་ཚོའི་ན་གཞོན་ཤེས་ཡོན་ཅན་ཚོར་ལས་ཀ་མེད་པ་དང་ལས་བྱེད་པ་བསྡུས་པ་རྣམས་གན་རྒྱ་བཞག་ནས་གླས་པ་ཙམ་རེད། ལ་དྭགས་ལ་མངའ་སྡེའི་གྲོས་ཚོགས་མེད་པས་རྩ་ཁྲིམས་ནང་དུ་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ལོགས་སུ་འཛུགས་ཆོག་པའི་འཁྲོལ་ཆ་སྤྲད་མི་འདུག་ཅེས་བསྟན། མཁར་དཀྱིལ་བ་ས་ཇཱ་དས་དེ་རིང་གི་གྲོས་མོལ་འདིར་གྲུབ་འབྲས་ཡག་པོ་ཐོན་སོང་། རྒྱ་གར་གཞུང་གིས་ང་ཚོའི་དགོས་འདུན་དོན་ཚན་ཁག་ལ་གྲོས་མོལ་བྱ་རྒྱུའི་མོས་མཐུན་བྱས་པ་དང་ང་ཚོས་བྷོ་ཊི་དང་ཨུར་རྡུ་གཉིས་ཀྱི་མཉམ་དུ་པུར་གི་དང་ཤཱི་ན། བྷལ་ཏི་གསུམ་ཡང་ལ་དྭགས་ཀྱི་གཞུང་འབྲེལ་སྐད་ཡིག་ཁོངས་སུ་ངོས་འཛིན་བྱ་དགོས་པའི་འོས་སྦྱོར་བྱས་པ་ཡིན་ཞེས་གསར་འགོད་པའི་དྲི་བར་ལན་བཏབ།།
མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་སྐུ་ཚབ་ཀུན་མཛེས་སྒྲོལ་མས་ཧིན་རྡུ་ཚགས་པར་གྱི་གསར་འགོད་པར་གླེ་དང་མཁར་དཀྱིལ་གྱི་རི་ལྗོངས་ཡར་རྒྱས་ལྷན་ཚོགས་སུ་བུད་མེད་འཐུས་མི་མེད་ཅིང་། དེར་བརྟེན་ལ་དྭགས་ཀྱི་བུད་མེད་ཚོར་ལས་དོན་ཐག་གཅོད་བྱེད་པའི་དབང་ཚད་མི་འདུག ལ་དྭགས་ཀྱི་བུད་མེད་ཚོས་ལོ་མང་སྔོན་ནས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་སུ་བུད་མེད་ལ་གདན་ཐོབ་ཟུར་འཇོག་བྱ་དགོས་ཞེས་འཐབ་རྩོད་བྱས་པ་ཡིན། སྐྱེས་པ་ཚོས་བུད་མེད་ཀྱི་ཐོབ་ཐང་ཡར་རྒྱས་གཏོང་གི་མི་འདུག ད་རེས་ཀྱི་གྲོས་མོལ་འདིར་ང་ཐེངས་དང་པོ་མཉམ་ཞུགས་ཐུབ་པ་ནི་ལ་དྭགས་པའི་བུད་མེད་ཀྱི་གནས་བབ་ལ་འགྱུར་བ་ཆེན་པོ་ཞིག་རེད། གཞི་རིམ་གྱི་ལས་སྣེའི་གྲས་སུ་བུད་མེད་རེ་ཟུང་ཡོད་ཀྱང་དེ་དག་རང་རང་གི་ཁྱོ་གས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་འདུག་ཅེས་བཀྲལ། ༡༩༩༥་ལོར་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་བཙུགས།།
རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་ལས་སྣེ་ཚོ་དང་ལ་དྭགས་ཀྱི་སྐུ་ཚབ་ཚོའི་གྲོས་མོལ་ཐེངས་རྗེས་མ་དེ་ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་བྱ་རྒྱུ་ཡིན་ཞིང་། མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་སྐུ་ཚབ་ཀུན་མཛེས་སྒྲོལ་མས་ཉེ་ཆར་ལ་དྭགས་ཀྱི་དངུལ་རྩིས་ཆ་ཚང་འགྲོ་གྲོན་བཏང་ཚར་མི་འདུག་ཅེས་དངུལ་སྒོར་ཉུང་འཕྲི་བྱས་སོང་། དེ་ནི་ལ་དྭགས་ལ་དགོས་ངེས་ཀྱི་ས་གནས་ལས་ཁུངས་ཁག་མེད་པས་རྐྱེན་གྱི་རེད། གལ་སྲིད་ལ་དྭགས་ས་གནས་ཀྱི་གནས་སྟངས་རྒྱུས་མངའ་ལེན་ཐུབ་པའི་ལས་ཁུངས་ཁག་ཡོད་ན་མང་ཚོགས་ལ་མཁོ་བའི་ལས་གཞི་གཉེར་ནས་དངུལ་རྩིས་རྣམས་དམིགས་སྒོ་ཁག་ཏུ་འགྲོ་གྲོན་བཏང་ཡོད་ཤས་ཆེ། ལ་དྭགས་ལ་ས་གནས་ཀྱི་ལས་ཁུངས་ཁག་མེད་པས་ལས་གཞི་རྣམས་གཉེར་མ་ཐུབ་པ་རེད། མ་འོངས་པར་ང་ཚོར་ས་གནས་ཀྱི་ལས་ཁུངས་ཁག་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་བཤད།།
ཕྱི་ཟླ་༡༢་པའི་ཚེས་༣་ཉིན་ལྡི་ལི་གསར་པ་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་བདམས་པའི་ལ་དྭགས་ཀྱི་འཐུས་མི་ཧ་ཎི་ཧྥ་ཇན་(Hanifa Jan)་གྱིས་དབུས་གཞུང་གིས་༢༠༢༦་ལོའི་མི་འབོར་ཞིབ་བཤེར་རྗེས་སུ་གླེ་དང་མཁར་དཀྱིལ་གཉིས་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་རེའི་གདན་ཐོབ་སྤྲོད་དགོས་མིན་གྲོས་སྡུར་བྱ་རྒྱུའི་གྲོས་མཐུན་བྱུང་སོང་། ལས་བྱེད་པའི་ས་མིག་ཟུར་འཇོག་དང་སྐད་ཡིག་གི་ཐོབ་ཐང་ངོས་འཛིན་བྱས་པ་སོགས་ནི་གཏམ་བཟང་ཞིག་རེད་ཅེས་བསྔགས་བརྗོད་ཞུས། གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་གིས་ལ་དྭགས་ལ་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ལོགས་སུ་འཛུགས་པའམ། ཡང་ན་ཇམ་མུ་ཀསྨིར་གྱི་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ཁོངས་སུ་ཟླ་སྒྲིལ་བྱ་དགོས་མིན་དེ་གྲོས་སྡུར་ཐེངས་གཞུག་མའི་སྐབས་སུ་གླེང་སློང་འབྱུང་གི་རེད། ཕྱི་ཟླ་༡༢་པའི་ཚེས་༣་ཉིན་གྱི་གྲོས་སྡུར་དེ་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་ལ་དྭགས་པའི་བདེ་སྡུག་ལ་དབུས་གཞུང་གིས་ཉན་འཇོག་བྱས་པ་རེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག
དེང་སྐབས་ལ་དྭགས་ཀྱི་ལས་བྱེད་པའི་ས་མིག་༤༠༠་ལྷག་སྟོང་པར་ལུས་ནས་ལས་བྱེད་པ་བསྐོ་མ་ཐུབ། དབུས་གཞུང་གིས་ལ་དྭགས་མི་དམངས་ལ་ཚོ་ཤོག་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་ཟླ་ཤས་གོང་དུ་རྒྱ་གར་གྱི་ནང་སྲིད་ལྷན་ཁང་དང་ལ་དྭགས་ཀྱི་སྐུ་ཚབ་གྲོས་མོལ་བྱས་པར་གྲུབ་འབྲས་མ་ཐོན། ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱས་སྲིད་བློན་མོ་དྷིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཕབ་ཀྱང་ངས་སྤྲོད་རྒྱུ་མིན་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། ཁ་སྔོན་ཕྱི་ཟླ་༨་པའི་ནང་རྒྱ་གར་གཞུང་གིས་གླེ་དང་མཁར་དཀྱིལ་གཉིས་ཀྱི་སྟེང་དུ་གཤམ་དང་ཌ་ར་ས། བྱང་ཐང་དང་ནུབ་ར། ཟངས་དཀར་བཅས་རྫོང་ཁག་ལྔ་གསར་འཛུགས་བྱ་རྒྱུའི་ཐག་བཅད། ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་བསོད་དབང་ཕྱུག་སོགས་ཀྱིས་མངའ་སྡེའི་ཐོབ་ཐང་བརྩད་ནས་ཟས་བཅད་ངོ་རྒོལ་བྱས་པར་མ་ཟད། ལ་དྭགས་པའི་ལས་འགུལ་དེར་རྒྱ་གར་གྱི་ཤེས་ཡོན་ཅན་དང་སློབ་ཕྲུག ཚོང་པ་དང་མི་དམངས་སྒེར་པ་བཅས་ཀྱི་རྒྱབ་སྐྱོར་ཐོབ་བོ།།
གླེང་སྟེགས།