༄༅།། བོད་པ་ཚོས་ཁ་ཆེའི་ཡུལ་ཞེས་འབོད་པའི་ཀསྨིར་དང་ཇམ་མུ། ལ་དྭགས་བཅས་སུ་མི་རྣམས་ཤ་རྒྱགས་དྲགས་པ་དང་གཅིན་སྙིའི་ན་ཚ་ཕོག་སྟེ་འཕྲོད་བསྟེན་ལ་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གསར་འགྱུར་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་ཛི་རཱ་ཏ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་རྒྱལ་ཡོངས་ཕྱི་ལུགས་སྨན་པའི་ཞིབ་འཇུག་ཁང་གིས་བརྟག་དཔྱད་བྱས་པའི་ཞིབ་འཇུག་སྙན་ཐོ་ཞིག་འཛམ་གླིང་གི་གཅིན་སྙིའི་ན་ཚ་སྔོན་འགོག་ཉིན་མོར་འགྲེམ་སྤེལ་བྱས་ཤིང་། སྙན་ཐོ་དེར་རྒྱ་གར་རྒྱལ་ཡོངས་དང་བསྡུར་ན་ཀསྨིར་དང་ལ་དྭགས་སུ་མི་རྣམས་ལུས་ཤ་རྒྱགས་དྲགས་ཏེ་གཅིན་སྙིའི་ན་ཚ་ཕོག་མཁན་མང་བ་ཡོད་པ་ཤེས་རྟོགས་བྱུང་སོང་ཞེས་འཁོད།།
རྒྱ་གར་རྒྱལ་ཡོངས་ཕྱི་ལུགས་སྨན་པའི་ཞིབ་འཇུག་ཁང་གིས་༢༠༢༣་གྱི་ཕྱི་ཟླ་༧་ནས་༢༠༢༤་ལོའི་ཕྱི་ཟླ་དང་པོའི་བར་དུ་བརྟག་དཔྱད་ཀྱི་ལས་གཞི་གཉེར། རྒྱ་གར་གྱི་སྨན་པ་ཚོས་མི་མང་བརྟག་དཔྱད་བྱ་ཡུལ་བརྒྱ་ཆ་༣༠་ལྷག་ཁྲག་ཤེད་ཚད་ལས་བརྒལ་ཡོད་པ་དང་མི་གྲངས་བརྒྱ་ཆ་༥༧.༦་ཚད་ལས་བརྒལ་བའི་རྒྱགས་པ་ཆགས་འདུག་ཅེས་སྙན་ཐོའི་ནང་དུ་བཀོད། ཕྱི་ལུགས་སྨན་པའི་ཞིབ་འཇུག་ཁང་གི་འགན་འཛིན་ཨ་ཤ་རབ་གྷ་ཎིས་(Ashraf Ganie)་ང་ཚོས་བརྟག་དཔྱད་བྱ་ཡུལ་མི་གྲངས་བརྒྱ་ཆ་༥.༤་ལ་གཅིན་སྙིའི་ན་ཚ་ཕོག་འདུག མི་གྲངས་བརྒྱ་ཆ་༢.༤་ལ་གཅིན་སྙིའི་ན་ཚ་ཕོག་སྟེ་སྨན་བཅོས་བྱེད་ཀྱི་འདུག་ཅེས་ཁྱད་པར་ཕྱེ།།
ཀསྨིར་དང་ལ་དྭགས་པ་༢༥༡༠་ལ་བརྟག་དཔྱད་བྱས་པ་དེའི་གྲས་སུ་སྐྱེས་པ་དང་བུད་མེད་གཉིས་མང་ཉུང་འདྲ་མཉམ་བདམས། མི་མང་བརྟག་དཔྱད་བྱ་ཡུལ་བརྒྱ་ཆ་༧༠་ཐམ་པ་གྲོང་གསེབ་པ་དང་བརྒྱ་ཆ་༣༠་ཐམ་པ་གྲོང་ཁྱེར་ཁག་གི་མི་མང་ཡིན་འདུག སྨན་པ་ཆབ་ར་(Chabbra)་ཞེས་པ་ཞིག་གིས་བརྟག་དཔྱད་བྱ་ཡུལ་མི་གྲངས་བརྒྱ་ཆ་༨༥་ལུས་པོ་འགུལ་སྐྱོད་དེ་ཙམ་རྒྱག་མི་ཐུབ་མཁན་ཚོ་ཡིན་པས་ཉེན་ཁ་ཆེ་ཞེས་བཀྲལ། རྒྱ་གར་གྱི་མངའ་སྡེ་༣༡་དང་དབུས་ཐད་སྐྱོང་མངའ་ཁུལ་ཁག དེ་བཞིན་རྒྱལ་སའི་མངའ་ཁུལ་གྱི་མི་མང་ལོ་ན་༢༠་ཡན་ཆད་དུ་སོན་པ་ཚོར་བརྟག་དཔྱད་བྱས་འདུག
ཀསྨིར་དང་ལ་དྭགས་གཉིས་ཀྱི་གང་དུ་གཅིན་སྙིའི་ན་ཚ་ཕོག་མཁན་མང་བ་ཡོད་མེད་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལ་གཞིགས་ཚེ། ལ་དྭགས་སུ་གཅིན་སྙིའི་ན་ཚ་ཕོག་ཡོད་པའི་མི་གྲངས་བརྒྱ་ཆ་༡༡་དང་ཀསྨིར་ས་གནས་སུ་བརྒྱ་ཆ་༡༡.༨་ཡོད་ཅིང་། ཀསྨིར་ས་གནས་སུ་ཁྲག་ཤེད་ཚད་ལས་བརྒལ་ཡོད་མཁན་བརྒྱ་ཆ་༡༡.༤་དང་ལ་དྭགས་སུ་བརྒྱ་ཆ་༨.༧་ལས་མེད། ལ་དྭགས་སུ་གཅིན་སྙིའི་ནད་རྟགས་ཡོད་མཁན་བརྒྱ་ཆ་༤.༢་དང་ཀསྨིར་ས་གནས་སུ་བརྒྱ་ཆ་༡༠.༡་ཡོད་པ་ཤེས་རྟོགས་བྱུང་། ཀསྨིར་ས་གནས་སུ་ལུས་ཤ་རྒྱགས་དྲགས་བརྒྱ་ཆ་༥༥.༣་དང་ལ་དྭགས་སུ་བརྒྱ་ཆ་༤༨.༡་ཡོད་པའི་བརྟག་དཔྱད་གྲུབ་འབྲས་ཐོན། རྒྱ་གར་གྱི་སྨན་པ་ཚོས་ཀསྨིར་དང་ལ་དྭགས་སུ་ལུས་ཤ་རྒྱགས་དྲགས་པ་དང་གཅིན་སྙིའི་ན་ཚ་ཕོག་མཁན་མང་བ་ཡོད་དོན་ཅི་ཡིན་གསལ་བཤད་བྱས་མེད་ཀྱང་འཕྲོད་བསྟེན་གྱི་དཀའ་ངལ་ཞིག་ཡིན་པ་ར་འཕྲོད།།
ཞིབ་འཇུག་སྨན་པ་ཁག་ཅིག་གིས་ལུས་ཤ་རྒྱགས་དྲགས་པ་དང་གཅིན་སྙིའི་ན་ཚ་ཕོག་མཁན་མང་བའི་རྒྱུ་མཚན་ནི་ས་ཁམས་ཆགས་ཡུལ་དང་མི་འབོར་མང་ཉུང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་བཅས་ལ་འབྲེལ་བ་ཡོད་ཤས་ཆེ། རྒྱ་གར་གཞུང་གིས་དབུས་ཐད་སྐྱོང་མངའ་ཁུལ་དེའི་གྲོང་ཁྱེར་དང་གྲོང་གསེབ་ཁག་ཏུ་ལུས་ཤ་རྒྱགས་དྲགས་པ་དང་གཅིན་སྙིའི་ན་ཚོ་འཕོག་གི་ཡོད་པ་ཉེན་ཁ་ཞིག་ཏུ་བརྩི་དགོས། མང་ཚོགས་ལ་ན་ཚ་སྔོན་འགོག་དང་ལུས་པོ་སྐམ་དུ་གཏོང་དགོས་པའི་སློབ་སྟོན་དང་འཕྲོད་བསྟེན་གྱི་གོ་རྟོགས་སྤེལ་དགོས། ད་དུང་བརྟག་དཔྱད་བྱ་རྒྱུ་ཞིབ་ཇེ་ཚགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་མ་འོངས་པར་ནད་ཡམས་སོགས་མི་འབྱུང་བའི་སྔོན་འགོག་གི་གྲ་སྒྲིག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག
སྨན་པ་ཨ་ཤ་རབ་གྷ་ཎིས་མུ་མཐུད་དུ་བཤད་པ་ལྟར་ན། རྒྱ་གར་གྱི་ཕྱི་ལུགས་སྨན་པའི་ཞིབ་འཇུག་ཁང་གིས་བརྟག་དཔྱད་ཀྱི་གཞི་གྲངས་ཞིབ་ཕྲ་བཏོན་ཡོད། མངའ་སྡེའི་སྲིད་གཞུང་ཁག་གིས་གཞི་གྲངས་དེ་བཀོལ་སྤྱོད་བྱས་ནས་ན་ཚ་སྔོན་འགོག་དང་འཕྲལ་དུ་སྨན་བཅོས། མི་དམངས་ཀྱི་འཕྲོད་བསྟེན་ཆེད་དུ་མངའ་སྡེ་སྲིད་གཞུང་གིས་དགོས་ངེས་ཀྱི་དམིགས་སྒོ་ཁག་ལ་འགྲོ་གྲོན་ཚུལ་བཞིན་གཏོང་དགོས། ཞིབ་འཇུག་སྙན་ཐོའི་ནང་དུ་ས་གནས་གཞུང་དང་མངའ་སྡེ་གཞུང་། དབུས་གཞུང་གིས་མཉམ་འབྲེལ་དམ་ཟབ་བྱེད་ཐུབ་པའི་ཐབས་ལམ་གསལ་པོ་བསྟན་ཡོད་ཅེས་བསྒྲགས། སྨན་པ་ཚོས་ལུས་ཤ་རྒྱགས་དྲགས་པ་དང་གཅིན་སྙིའི་ན་ཚ་འཕོག་གི་ཡོད་པ་ནི་ཟས་སྤྱོད་དང་ལུས་རྩལ་སྦྱོང་གི་ཡོད་མེད་ལ་འབྲེལ་བ་འདུག་ཅེས་བཤད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།