ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་གར་གཞུང་གིས་ལ་དྭགས་པ་ཚོར་ཁས་ལེན་བྱས་པའི་དོན་ཚན་གསུམ།


ལ་དྭགས་ཀྱི་དུས་སྟོན།
ལ་དྭགས་ཀྱི་དུས་སྟོན།

༢༠༢༤།༡༢།༠༩

ཨ་རིའི་རླུང་འཕྲིན་ཁང་།

༄༅།། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ལ་དྭགས་པ་ཚོར་ས་གནས་གཞུང་གི་ལས་བྱེད་པའི་ས་མིག་རྣམས་ས་གནས་མི་དམངས་ལ་ཟུར་འཇོག་བྱ་རྒྱུ་དང་བོད་ཡིག་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱ་རྒྱུའི་ཁས་ལེན་དོན་ཚན་གསུམ་བྱས་འདུག ཕྱི་ཟླ་༡༢་པའི་ཚེས་༩་ཉིན་བྷ་ར་ཏ་ཨི་ཊི་ཝི་གསར་ཁང་གིས་གླེའི་འགོ་ཚོགས་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ལག་རུག་ཚེ་རིང་རྡོ་རྗེ་(Chering Dorjay Lakrook)་ལ་བཅར་འདྲི་ཞུས་ནས་གསར་འགྱུར་སྤེལ་བ་ལྟར་ན། ལ་དྭགས་ས་གནས་གཞུང་གི་ལས་བྱེད་པའི་ས་མིག་བརྒྱ་ཆ་༩༥་ས་གནས་མི་མང་ལ་ཟུར་འཇོག་བྱ་རྒྱུ་དང་ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་བརྒྱ་ཆ་༣༣་བུད་མེད་ལ་ཟུར་འཇོག་བྱ་རྒྱུ། བོད་ཡིག་དང་ཨུར་རྡུ་གཉིས་ནི་ལ་དྭགས་ཀྱི་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱ་རྒྱུའི་ཁས་ལེན་ཐོབ། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་དེ་ས་གནས་གྲོས་ཚོགས་ལྟ་བུ་ཞིག་ཡིན་རུང་བཅའ་ཁྲིམས་བཟོ་ཆོག་པའི་དབང་ཚད་མེད།།

ཉེ་ཆར་ཕྱི་ཚེས་༣་ཉིན་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་མངའ་སྡེའི་ལས་དོན་བློན་ཆེན་ཎི་ཏི་ཡ་ཨ་ནན་ད་ར་ཡེས་(Nytyanand Rai)་འགོ་ཁྲིད་པའི་དབུས་ནང་སྲིད་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཁག་དང་ལ་དྭགས་ཀྱི་གླེའི་འགོ་གཙོ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་། མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་སྐུ་ཚབ་ཀུན་མཛེས་སྒྲོལ་མ་བཅས་འཐུས་མི་བརྒྱད་ཀྱིས་ལྡི་ལི་གསར་པར་གྲོས་མོལ་བྱས་ནས་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ས་ཆ་དང་རིག་གཞུང་སྲུང་སྐྱོབ་བྱ་དགོས་ཞེས་རྩ་ཁྲིམས་ནང་དུ་འགོད་ཆོག ལ་དྭགས་པ་ཚོར་སེམས་འཚབ་ཡོད་པའི་གནད་དོན་༢༢་གྱི་ཁྲིམས་ལ་བསྐྱར་ཞིབ་བྱ་རྒྱུའི་གྲོས་གཞི་བཏོན། ༢༠༢༠་ཡས་མས་ནས་དྭགས་ལ་ལས་བྱེད་པ་བསྐོ་མ་ཐུབ་པར་ས་མིག་སྟོང་པར་ལུས་ཏེ་ས་གནས་གཞུང་ལ་དཀའ་ངལ་འཕྲད་བཞིན་པ་སེལ་ཐབས་བྱ་རྒྱུའི་ཁག་ཐེག་བྱུང་།།

གླེའི་འགོ་གཙོ་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ལག་རུག་ཚེ་རིང་རྡོ་རྗེས་ལས་བྱེད་པའི་ས་མིག་བརྒྱ་ཆ་༩༥་ཡི་ཁོངས་ནས་ས་མིག་བརྒྱ་ཆ་༨༠་ཐམ་པ་གཞུང་འབྲེལ་གྱི་ངོས་འཛིན་ཐོབ་པའི་ཚོ་ཤོག་ཁག་ལ་བགོ་བཤའ་རྒྱག་རྒྱུ་དང་བརྒྱ་ཆ་༡༠་དཔལ་འབྱོར་ཀྱི་གནས་སྟངས་ཞན་པའི་ས་གནས་ཁག་ལ་ཟུར་འཇོག་བྱ་དགོས། ལས་བྱེད་པའི་ས་མིག་བརྒྱ་ཆ་༤་ས་མཚམས་ཁག་ཏུ་གནས་འཁོད་མི་མང་ལ་སྤྲོད་རྒྱུ་དང་ལས་བྱེད་པའི་ས་མིག་བརྒྱ་ཆ་༡་རིགས་རུས་དམན་པ་ཚོར་ཟུར་འཇོག་བྱ་རྒྱུའི་ཐག་གཅོད་བྱུང་ཡང་ལ་དྭགས་ལ་རིགས་རུས་དབྱེ་འབྱེད་ཀྱི་ལམ་སྲོལ་མེད། ད་ལྟའི་ཆར་ལ་དྭགས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ལོགས་སུ་འཛུགས་དགོས་མིན་དེ་ཁ་གསལ་བྱུང་མ་སོང་། ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་གྲོས་མོལ་ཐེངས་གཉིས་པ་བྱས་པའི་སྐབས་སུ་ལ་དྭགས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་མེད་པའི་དཀའ་ངལ་འཕྲད་བཞིན་པ་གཏན་དུ་སེལ་ཐབས་ཤིག་རྙེད་པའི་རེ་བ་ཡོད་ཅེས་བསྟན།།

མངའ་སྡེའི་ཐོབ་ཐང་རྩོད་ལེན།
མངའ་སྡེའི་ཐོབ་ཐང་རྩོད་ལེན།

༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༥་ཉིན་སྲིད་བློན་མོ་དྷིའི་གཞུང་གིས་རྩ་ཁྲིམས་དོན་ཚན་༣༧༠་ཐམ་པ་ཕྱིར་བསྡུ་བྱས་ནས་ཇམ་མུ་ཀསྨིར་ལ་དམིགས་བསལ་གྱི་དབང་ཚད་དང་མངའ་སྡེའི་གནས་བབ་ཡོད་པ་རྣམས་མེད་པར་བཟོས། ཇམ་མུ་ཀསྨིར་དང་ལ་དྭགས་གསུམ་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར། འདས་པའི་ལོ་ལྔའི་རིང་ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་དང་གྲོས་ཚོགས་འཛུགས་ཆོག་པའི་དབང་ཚད་དགོས། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་གྲངས་ཉུང་མི་རིགས་ཁག་གི་རང་སྐྱོང་ཐོབ་ཐང་རྣམས་ལ་དྭགས་ལའང་སྤྲོད་དགོས། ས་གནས་ཀྱི་ལས་བྱེད་པའི་ས་མིག་རྣམས་ས་གནས་མི་མང་ལ་ཟུར་འཇོག་བྱ་དགོས། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་གླེ་དང་མཁར་དཀྱིལ་གཉིས་ལ་གྲོས་ཚོགས་འཐུས་མི་རེའི་གདན་ཐོབ་སྤྲོད་དགོས་ཞེས་དགོས་འདུན་དོན་ཚན་༤་བཏོན་ནས་ལས་འགུལ་སྤེལ།།

བྷ་ར་ཏ་ཨི་ཊི་ཝི་གསར་ཁང་གིས་ལག་རུག་ཚེ་རིང་རྡོ་རྗེ་ལ་བཅར་འདྲི་ཞུས་པ་ལྟར་ན། ལ་དྭགས་རི་སྐྱོང་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་བརྒྱ་ཆ་༣༣་བུད་མེད་ལ་ཟུར་འཇོག་བྱ་རྒྱུ་ནི་ཐོག་མའི་དགོས་འདུན་བཏོན་ཚན་བཞིའི་ནང་དུ་ཚུད་མེད་ཅིང་། ལ་དྭགས་ཀྱི་ལས་དོན་གལ་ཆེན་ཁག་ལ་ཐག་གཅོད་བྱེད་པའི་དུས་སུ་བུད་མེད་རྣམས་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པ་དངོས་འབྲེལ་རེད། ད་ནས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འཐུས་མི་བརྒྱ་ཆ་༣༣་བུད་མེད་ལ་ཟུར་འཇོག་བྱས་ན་བུད་མེད་རྣམས་ལས་དོན་ཐག་གཅོད་ལ་མཉམ་ཞུགས་བྱེད་ཐུབ་པར་མ་ཟད། བུད་མེད་ཀྱི་གོ་གནས་མཐོ་རུ་བཏང་སྟེ་སྤྱི་ཚོགས་ལ་ཕན་ཐོགས་དང་ཕོ་མོ་འདྲ་མཉམ་ཡོང་ཐུབ་པའི་དགེ་མཚན་འདུག་ཅེས་གནས་ཚུལ་སྤེལ་འདུག

གླེའི་འགོ་གཙོ་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ལག་རུག་ཚེ་རིང་རྡོ་རྗེས་བོད་ཡིག་དང་ཨུ་རྡུ་གཉིས་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱ་རྒྱུའི་ཁས་ལེན་ཐོབ་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད། གླེ་རྫོང་གིས་སྔ་མོ་ནས་བོད་ཡིག་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་བྱ་དགོས་ཞེས་དགོས་འདུན་བཏོན་ཡོད། ལྷག་པར་དུ་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་དུ་བསྒྱུར་བའི་རྗེས་སུ་དགོས་འདུན་འདོན་རྒྱུ་ཤུགས་ཆེ་རུ་བཏང་བ་ཡིན། སྔོན་ཆད་ཇམ་མུ་ཀསྨིར་མངའ་སྡེའི་འོག་ཏུ་བོད་ཡིག་ལ་ངོས་འཛིན་གང་འཚམ་ཞིག་ཐོབ་པ་རེད། བོད་ཡིག་ནི་ལ་དྭགས་གཅིག་པུ་མིན་པར་ཧི་མ་ལ་ཡའི་ལྗོངས་སུ་ཀུན་གྱིས་སྨྲ་བརྗོད་བྱེད་པའི་སྐད་ཡིག་ཅིག་རེད། བོད་ཡིག་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༨་པའི་ཁོངས་སུ་བཅུག་སྟེ་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ཏུ་ངོས་འཛིན་ཐོབ་ན་དེ་བས་ཀྱང་ལེགས་ཞེས་གསར་འགོད་པའི་དྲི་བར་ལན་བཏབ།།

ལག་རུག་ཚེ་རིང་རྡོ་རྗེས་མུ་མཐུད་དུ་གསར་འགོད་པར་བཤད་པ་ལྟར་ན། ཇམ་མུ་ཀསྨིར་ལ་མངའ་སྡེའི་ཐོབ་ཐང་ཡོད་པའི་སྐབས་སུ་གྲོས་ཚོགས་འོག་མའི་ནང་དུ་ལ་དྭགས་ལ་འཐུས་མི་༤་དང་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་༢་ཀྱི་གདན་གྲངས་ཡོད་པས་མང་ཚོགས་ཀྱི་བདེ་སྡུག་ཞུ་ས་ཞིག་ཡོད་པ་རེད། ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་དུ་བསྒྱུར་བའི་རྗེས་སུ་མངའ་སྡེའི་གྲོས་ཚོགས་མེད་པ་དང་མི་དམངས་ལ་འཐུས་མི་མེད། རྒྱུ་མཚན་དེའི་ཕྱིར་ན་ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། ལ་དྭགས་ལ་མི་འབོར་ཉུང་ཡང་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གཅིག་ལས་མེད། ལ་དྭགས་ས་རྒྱ་ཆེ་བ་དང་གྲོས་ཚོགས་འཐུས་མི་གཅིག་གིས་ཁེབ་ཐུབ་རྒྱུ་ཤིན་ཏུ་དཀའ། ལ་དྭགས་ལ་མངའ་སྡེའི་གྲོས་ཚོགས་མེད་པར་ས་གནས་ཀྱི་དགོས་མཁོར་འཚམས་པའི་ཁྲིམས་བཟོ་ཐུབ་ཀྱི་མེད་པ་རེད་ཅེས་བཀྲལ།།

ཕྱི་ཟླ་༡༢་པའི་ཚེས་༣་ཉིན་ལྡི་ལི་གསར་པ་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་བདམས་པའི་ལ་དྭགས་ཀྱི་འཐུས་མི་ཧ་ཎི་ཧྥ་ཇན་(Hanifa Jan)་གྱིས་དབུས་གཞུང་གིས་༢༠༢༦་ལོའི་མི་འབོར་ཞིབ་བཤེར་རྗེས་སུ་གླེ་དང་མཁར་དཀྱིལ་གཉིས་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་རེའི་གདན་ཐོབ་སྤྲོད་དགོས་མིན་གྲོས་སྡུར་བྱ་རྒྱུའི་གྲོས་མཐུན་བྱུང་སོང་། ལས་བྱེད་པའི་ས་མིག་ཟུར་འཇོག་དང་སྐད་ཡིག་གི་ཐོབ་ཐང་ངོས་འཛིན་བྱས་པ་སོགས་ནི་གཏམ་བཟང་ཞིག་རེད་ཅེས་བསྔགས་བརྗོད་ཞུས། གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་གིས་ལ་དྭགས་ལ་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ལོགས་སུ་འཛུགས་པའམ། ཡང་ན་ཇམ་མུ་ཀསྨིར་གྱི་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ཁོངས་སུ་ཟླ་སྒྲིལ་བྱ་དགོས་མིན་དེ་གྲོས་སྡུར་ཐེངས་རྗེས་མའི་སྐབས་སུ་གླེང་སློང་འབྱུང་གི་རེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

གླེང་སྟེགས།

XS
SM
MD
LG