ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༩/༡༨

ཧ་མ་སི་ཤོག་ཁག་གིས་ཆ་རྐྱེན་མེད་པར་མེ་འཕེན་མཚམས་འཇོག་བྱེད་ཆོག་ཟེར།


ཧ་མ་སི་ཤོག་ཁག་གི་གྲོས་མོལ་འགོ་པ་ཁ་ལིལ་ཨལ་ཧེ་ཡ་
ཧ་མ་སི་ཤོག་ཁག་གི་གྲོས་མོལ་འགོ་པ་ཁ་ལིལ་ཨལ་ཧེ་ཡ་

༄༅།། པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་ཆ་རྐྱེན་གསར་པ་མེད་པར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་བཏོན་པའི་གྲོས་གཞི་ལྟར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་གསལ་བསྒྲགས་སྤེལ། ཕྱི་ཟླ་༩་པའི་ཚེས་༡༢་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་ཧ་མ་སི་ཤོག་ཁག་གི་གྲོས་མོལ་འགོ་པ་ཁ་ལིལ་ཨལ་ཧེ་ཡ་(Khalil al-Hayya)་ཁ་ཊར་གྱི་རྒྱལ་ས་དྷོ་ཧ་གྲོང་ཁྱེར་དུ་ཁ་ཊར་གྱི་སྲིད་བློན་དང་ཨི་ཇེབ་ཀྱི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་གཉིས་ལ་ཐུག་འཕྲད་བྱུང་། ཁ་ཊར་དང་ཨི་ཇེབ་ཀྱི་བར་འདུམ་བྱས་ནས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གིས་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱས་ཏེ་བཙོན་པ་བརྗེ་ལེན་བྱེད་སྲིད་པའི་རྣམ་པ་ཞིག་མངོན། ཧ་མ་སི་ཤོག་ཁག་གི་གྲོས་མོལ་འགོ་པས་ང་ཚོས་པ་ལི་སི་ཐན་གྱི་རྩ་དོན་དང་གྷ་ཛའི་བཙན་འཛུལ་བཅས་ལ་གྲོས་མོལ་བྱས་པ་ཡིན་ཞེས་བསྒྲགས། ད་སྔ་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་གྲོས་མོལ་ཁག་ལ་གྲུབ་འབྲས་རྔོ་ཐོགས་པ་ཞིག་མ་ཐོན།།

ད་ལོའི་ཕྱི་ཟླ་༥་པའི་ནང་སྲིད་འཛིན་བྷ་ཌན་གྱིས་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱ་དགོས། ཧ་མ་སི་ཤོག་ཁག་གིས་མི་གཏའ་བཙན་ཉར་བྱེད་བཞིན་པ་རྣམས་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་ལེན་ཐབས་བྱ་དགོས་ཞེས་གནོན་ཤུགས་སྤྲད། ཟླ་བ་སྔོན་མར་ཨ་མི་རི་ཀས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གཉིས་ཀྱི་བར་ཁྱད་ཆུང་དུ་གཏོང་བའི་གྲོས་གཞི་སྟེ། ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གཉིས་ལྟ་ཚུལ་མི་མཐུན་པའི་ཁྱད་པར་ཆེན་པོ་ཡོད་པ་སྙོམས་ཐབས་ཀྱི་ཡིག་ཆ་ཞིག་བཏོན། འདས་པའི་ཟླ་བ་མང་པོར་ཨ་རིས་སྐུལ་ལྕག་ལྟར་ཁ་ཊར་དང་ཨི་ཇེབ་གཉིས་ཀྱིས་བར་འདུམ་བྱས་ནས་ཧ་མ་སི་ཤོག་ཁག་གིས་བཙན་ཉར་བྱས་པའི་མི་གཏའ་༡༠༥་དང་ཨི་སི་རལ་གྱིས་པ་ལི་སི་ཐན་བ་༢༤༠་བཙོན་ཁང་ནས་གློད་གྲོལ་བཏང་མོད། འོན་ཀྱང་གྷ་ཛའི་དམག་མཚམས་འཇོག་དང་ཧ་མ་སི་ཤོག་ཁག་གིས་བཙན་ཁྲིད་བྱས་པའི་མི་གཏའ་ཆ་ཚང་ཞིག་གློད་གྲོལ་མ་ཐུབ་པར་ལུས།།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོས་གློ་བུར་དུ་ཨི་སི་རལ་ལ་སྐམ་མཚོ་གནམ་གསུམ་ནས་རྒོལ་བྱས་ཏེ་མི་༡༢༠༠་བསད། མི་༢༥༠་བཙན་ཁྲིད་བྱས་ནས་གྷ་ཛའི་དམག་འཁྲུག་ལངས། ཨི་སི་རལ་གྱིས་རྒོལ་ལན་བསློགས་ཏེ་པ་ལི་སི་ཐན་བ་༤༡༠༨༡་བསད་པ་དང་མི་༩༥༠༢༩་རྨས། ཁ་ཊར་དང་ཨི་ཇེབ་ཀྱི་བར་འདུམ་དེར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཡང་མཉམ་ཞུགས་བྱས་ཡོད་ཅིང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་(William Burns)་མ་འོངས་པའི་ཉིན་ཤས་ནང་དུ་མེ་འཕེན་མཚམས་འཇོག་གི་གྲོས་གཞི་ཞིབ་རྒྱས་ཤིག་ཕྱིར་བསྒྲགས་བྱ་འཆར་ཡོད། སྲིད་འཛིན་བྷ་ཌན་གྱིས་མེ་འཕེན་མཚམས་དང་མི་གཏའ་གློད་གྲོལ་ཐད་གོམ་སྟབས་རིམ་པ་གསུམ་གྱི་གྲོས་གཞི་ཞིག་བཏོན་ཡོད་པ་རེད་ཅེས་བསྟན།།

ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་གྲོས་མོལ་དེའི་འགག་རྐྱེན་གཙོ་བོ་ཞིག་ནི་གྷ་ཛ་དང་ཨི་ཇེབ་ཀྱི་ས་མཚམས་སུ་ཆགས་པའི་ཧྥི་ལ་ཌལ་ཧྥི་བར་ཤུར་ལ་ཐུག ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་བར་ཤུར་དེར་ཨི་སི་རལ་གྱིས་སྟངས་འཛིན་བྱ་དགོས། བར་ཤུར་དེ་བརྒྱུད་ནས་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་རྣམས་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པ་དང་མཚོན་ཆ་ནང་འདྲེན་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། བདུན་ཕྲག་སྔོན་མར་ཨི་ཇེབ་དང་ཁ་ཊར་གཉིས་ཀས་སྲིད་བློན་ནེ་ཐན་ཡ་ཧུས་ས་མཚམས་ཀྱི་གནད་དོན་ཞིག་གླེང་། ཨི་སི་རལ་མི་དམངས་ཀྱི་བློ་ཁ་བསྒྱུར་ནས་གྷ་ཛའི་དམག་འཁྲུག་མཚམས་འཇོག་དང་མི་གཏའ་བཙན་ཉར་རྣམས་ལེན་ཐབས་བྱེད་ཀྱི་ཡོད་པ་མ་རེད་ཅེས་དགག་པ་བརྒྱབ། གཟའ་ལྷག་པའི་གསལ་བསྒྲགས་ནང་དུ་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་གྱི་དམག་དཔུང་གྷ་ཛའི་ས་གནས་ཡོངས་ནས་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་ལ་འགྱུར་བ་མེད་ཅེས་བཀོད།།

ཡཱ་ཡ་སིན་ཝར་
ཡཱ་ཡ་སིན་ཝར་

ཕྱི་ཟླ་༩་པའི་ཚེས་༡༡་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། སྔ་ལོའི་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཨི་སི་རལ་ལ་རྒོལ་རྡུང་བྱས་པ་དེའི་ཇུས་འགོད་པ་གཏེ་དཔོན་ཡཱ་ཡ་སིན་ཝར་(Yahya Sinwar)་གྱིས་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱ་དགོས་ཚེ། ཁོ་དང་ཁོ་པའི་བཟའ་མི་རྣམས་ཨི་སི་རལ་གྱིས་ཚེ་ཐར་གཏོང་དགོས་ཞེས་ཆ་རྐྱེན་བཏོན་ཞིང་། ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གིས་བཙན་ཉར་བྱེད་བཞིན་པའི་མི་གཏའ་ལྷག་ལུས་རྣམས་གློད་གྲོད་དང་གར་སོང་ཆ་མེད་དུ་གྱུར་པ་ཚོ་རྩིས་སྤྲོད་བྱས་ན་སིན་ཝར་དང་བཟའ་ཟླ་བུ་ཕྲུག་ཚོར་གནོད་འཚེ་མི་གཏོང་ཞེས་ཁས་བླངས། ཨི་སི་རལ་ལ་རྒོལ་རྡུང་བྱེད་མཁན་དང་རྒོལ་རྡུང་གི་ཇུས་འགོད་པ། དེ་དག་གི་བཟའ་མི་འཁོར་དང་བཅས་པ་རྣམས་ཨི་སི་རལ་གྱིས་བསད་ནས་དགྲ་ལན་སློག་གི་ཡོད་པ་ཡོངས་གྲགས་སུ་གྱུར།།

ཨི་སི་རལ་གྱི་གྲོས་མོལ་འགོ་པ་གྷལ་ཧིར་ཤཱིས་(Gal Hirsch)་ང་ཚོས་སིན་ཝར་དང་བཟའ་མི་ཚོར་ཉེ་ཞོ་མེད་པར་གྷ་ཛ་ནས་ཕྱི་རུ་བསྐྱོད་ཆོག་པའི་འགྲོ་ལམ་སྟེར་རྒྱུའི་མོས་མཐུན་བྱས་པ་ཡིན། ང་ཚོས་མི་གཏའ་རྣམས་སྐྱོབ་ཐབས་བྱ་དགོས། ང་ཚོར་དམག་དཔུང་ཕྱིར་འཐེན་བྱས་ནས་འཐབ་འཁྲུག་ཞི་འཇམ་གཏོང་འདོད་ཡོད། གྷ་ཛ་ཐང་གཤོང་ནར་མོར་སྒྲིག་འཛུགས་གསར་པ་ཞིག་གིས་འཛིན་སྐྱོང་བྱ་དགོས་ཞེས་བཀྲལ། ཨི་སི་རལ་གྱིས་ངོ་མར་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་སིན་ཝར་དང་བཟའ་མི་ཚོ་གྷ་ཛ་ནས་ཉེན་ཁ་མེད་པར་ཕྱི་རུ་བསྐྱོད་དུ་འཇུག་རྒྱུ་ཡིན་མིན་བཤད་དཀའ། ཨི་སི་རལ་གྱི་དམག་དཔུང་གིས་ཐོག་མཐའ་བར་དུ་སིན་ཝར་རྩད་གཅོད་བྱས་ནས་རྩ་མེད་གཏོང་རྒྱུ་ཡིན་ཞེས་དམ་བཅའ་བཞག གལ་སྲིད་ཨི་སི་རལ་གྱིས་སི་ཝར་ཚེ་ཐར་བཏང་ན་འགྱུར་ལྡོག་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པའི་གནས་ཚུལ་ཐོན་འདུག

ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤཱི་མེལ་ཧ་ནི་ཡཱེ་ཨི་རན་གྱི་རྒྱལ་ས་ཐེ་རན་གྱི་མགྲོན་ཁང་དུ་བསད།
ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤཱི་མེལ་ཧ་ནི་ཡཱེ་ཨི་རན་གྱི་རྒྱལ་ས་ཐེ་རན་གྱི་མགྲོན་ཁང་དུ་བསད།

ཉེ་ཆར་ཕྱི་ཟླ་༧་པའི་ནང་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤཱི་མེལ་ཧ་ནི་ཡཱེ་(Ismail Haniyeh)་ཨི་རན་གྱི་རྒྱལ་ས་ཐེ་རན་གྱི་མགྲོན་ཁང་དུ་བསད། དེའི་རྗེས་སུ་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་དེར་ཡཱ་ཡ་སིན་ཝར་བསྐོས། ཧ་མ་སི་ཤོག་ཁག་གི་གྲོས་མོལ་བ་ཚོས་གྷ་ཛ་དང་ཨེ་ཇེབ་ཀྱི་ས་མཚམས་ཧྥི་ལ་ཌལ་ཧྥི་བར་ཤུར་ཨི་སི་རལ་གྱི་དམག་གིས་སྟངས་འཛིན་བྱེད་མི་ཆོག སྲིད་བློན་ནེ་ཐན་ཡ་ཧུས་ཆ་རྐྱེན་གསར་པ་བཏོན་ཡོད་པ་དེར་ཧ་མ་སི་ཤོག་ཁག་མོས་མཐུན་མེད་ཅེས་ལན་བཏབ། ཉམས་ཞིབ་པ་ཚོས་གྷ་ཛའི་དམག་འཁྲུག་མཚམས་འཇོག་ཐུབ་མིན་ནི་ཧྥི་ལ་ཌལ་ཧྥི་བར་ཤུར་ལ་སུས་སྟངས་འཛིན་བྱ་དགོས་མིན་དང་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་སིན་ཝར་གཙོས་བཟའ་མི་ཚོ་ཚེ་ཐར་གཏོང་རྒྱུ་ཡིན་མིན། ཧ་མ་སི་ཤོག་ཁག་གིས་བཙན་ཉར་བྱེད་བཞིན་པའི་མི་གཏའ་རྣམས་གློད་གྲོལ་ཐོབ་རྒྱུ་ཡིན་མིན་བཅས་ལ་ཐུག་འདུག་ཟེར།།

ཨི་སི་རལ་དང་ཧ་མི་སི་ཤོག་ཁག་གིས་གྲོས་མཐུན་བཞག་ནས་གྷ་ཛའི་དམག་འཁྲུག་མཚམས་འཇོག་ཐུབ་པའི་དབང་དུ་བཏང་རུང་ཧི་ཛི་བྷུ་ལཱ་འཇབ་དམག་གིས་ཨི་སི་རལ་ལ་རྒོལ་རྡུང་བྱེད་ཀྱི་ཡོད་པ་མཚམས་ཆད་ཐུབ་རྒྱུའི་ངེས་པ་མེད། ཕྱི་ཟླ་༩་པའི་ཚེས་༡༡་ཉིན་ཨི་སི་རལ་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ལྷག་པའི་ཉིན་ཨི་སི་རལ་གྱི་བྱང་ཕྱོགས་སུ་ཧི་ཛི་བྷུ་ལཱ་འཇབ་དམག་གིས་མེ་ཤུགས་འཕུར་མདེལ་༡༠༠་ལྷག་འཕངས་ནས་རྒོལ་རྡུང་བྱས་ཤིང་། ལོ་ན་༣༩་ལ་སོན་པའི་ཨི་སི་རལ་གྱི་ཟུར་འཇོག་དམག་མི་ཞིག་ལ་རྨས་སྐྱོན་ཕོག ཨི་སི་རལ་གྱི་དམག་གིས་མེ་སྒྱོགས་བརྒྱབ་ནས་ལེ་བྷ་ནན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཧི་ཛི་བྷུ་ལཱ་འཇབ་དམག་གི་སོ་ཁང་གཏོར། དེའི་རྗེས་སུ་ཨི་སི་རལ་གྱི་གནམ་དམག་གིས་ཧི་ཛི་བྷུ་ལ་འཇབ་དམག་གི་བཙན་ས་ཁག་ཏུ་རྒོལ་རྡུང་བྱས་ཏེ་མི་ཞིག་ལ་སྲོག་སྐྱོན་དང་མི་གཞན་པ་ཞིག་རྨས་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG