ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་གྱིས་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་རེད་གསུངས།


Guatemala Human Rights
Guatemala Human Rights

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཝོལ་ཀར་ ཏུར་ཀིས་རེས་གཟའ་ཟླ་བའི་ཉིན་ཇི་ནི་ཝའི་ལྷན་ཚོགས་སུ་གསུངས་བཤད་གནང་བའི་ནང་དེང་སྐབས་གྷ་ཛ་ལུང་གཤོང་ནང་རྒྱག་བཞིན་པའི་དམག་འཁྲུག་འདི་འཕྲལ་དུ་མཚམས་འཇོག་དགོས་ཀྱི་འདུག་ཅེས་དང་། དམག་འཁྲུག་འདི་གཞི་རྒྱ་ཆེ་བ་ཞིག་ལ་མ་འགྱུར་བ་བྱ་རྒྱུ་དེ་ཧ་ཅང་གལ་ཆེར་འགྱུར་འདུག་ཅེས་གསུངས་འདུག

ཁོང་གིས་མུ་མཐུད་གསུངས་དོན། ཤེས་གསལ་ལ་གཞིགས་ན་དམག་འཁྲུག་དེ་གཞི་རྒྱ་ཆེ་རུ་སོང་ནས་མ་འོངས་པའི་མི་རབས་ཚོའི་ཁྲོད་དུ་འཕྱུར་རྒྱུའི་ཉེན་ཁ་འདུག་པ་དང་། གལ་ཏེ་དམག་འཁྲུག་འདིའི་རྒྱུ་རྐྱེན་ཁག་ད་ལྟ་ནས་ཐག་གཅོད་མ་བྱུང་བ་ཡིན་ན་ཕན་ཚུན་གཅིག་གིས་གཅིག་ལ་མི་དགའ་བའི་སྡང་ཟུག་དང་། འཇིགས་སུ་རུང་བའི་འཁོན་འཛིན་དེ་ཡང་ནས་ཡང་དུ་འབྱུང་སྲིད་པའི་དཔེ་མཚོན་གཙོ་བོ་དེ་གྷ་ཛའི་དམག་འཁྲུག་དེ་ཆགས་ཡོད་ཅེས་བློ་ཕམ་ངང་ཞུ་ཡི་ཡོད་ཅེས་གསུངས་འདུག

སྐུ་ཞབས་ཏུར་ཀིས་ཨི་སི་རེལ་ལ་ཧ་མ་སི་རུ་ཁག་གིས་འཇིགས་སུ་རུང་བའི་འཇབ་རྒོལ་དང་། གྷ་ཛའི་ནང་མི་མང་ས་ཡ་ ༡་༩ ཙམ་བཙན་ཤེད་ཀྱིས་གནས་སྤོ་བྱེད་དགོས་གྱུར་བ་དེ་དང་། ཨི་སི་རལ་གྱི་མི་སེར་ ༡༠༡ ད་ལྟ་ཡང་ཧ་མ་སི་དྲག་སྤྱོད་པའི་དོ་དམ་བཙན་ཉར་འོག་ཡོད་མུས་ཀྱི་ཁར་ནུབ་མཚོ་ཁའི་ནང་མི་རྒྱུ་ཟོག་གསུམ་ལ་གཏོར་རྒོལ་བཟོས་ཡོད་པ་ནི་ཆག་གོའི་གནས་སྟངས་ཚབས་ཆེར་འགྱུར་གྱི་ཡོད་པ་གསལ་པོ་རེད་ཅེས་གསུངས་འདུག

ཨི་སི་རལ་གྱི་དཔུང་དམག་གིས་རེས་གཟའ་ཟླ་བའི་མཚན་མོར་ས་མཚམས་བརྒལ་ནས་ལྷོ་ལེ་བྷ་ནོན་ནང་ཡོད་ཧེཛ་བྷོ་ལ་དྲག་སྤྱོད་ཤོག་ཁས་བེད་སྤྱོད་བྱེད་ཡུལ་ཁང་ཆེན་ཞིག་ལ་གཏོར་རྒོལ་བྱས་ཡོད་པ་དེས་འཁོན་འཛིན་གྱི་གནས་སྟངས་གཞི་རྒྱ་ཆེ་རུ་འགྲོ་སྲིད་པའི་ཉེན་ཁ་ཆེ་རུ་སོང་ཡོད་པ་བཞིན་ཁྱིམ་ཚེས་སི་རི་ཡའི་ནང་དྲག་སྤྱོད་པ་ཚོར་དམིགས་ཀར་རེས་གཟའ་ཟླ་བའི་ཉིན་ཨི་སི་རལ་གྱིས་མཁའ་ཐོག་ནས་གཏོར་རྒོལ་བྱས་ནས་སི་རི་ཡའི་ནང་མི་གྲངས་ ༡༤ ལ་སྲོག་སྐྱོན་དང་༤༠ ཙམ་ཞིག་ལ་རྨས་སྐྱོན་བྱུང་ཡོད་པ་གསལ་བཏོན་བྱས་འདུག

ཨི་སི་རལ་གྱིས་རྒྱུན་དུ་སི་རི་ཡའི་ནང་གཏོར་རྒོལ་བྱས་པ་ཁག་གསལ་འདོན་བྱེད་ཀྱི་མེད་ནའང་། སི་རི་ཡའི་ནང་ཡོད་ཧེཛ་བྷོ་ལ་འཇབ་རྒོལ་བ་ཚོར་ཨི་རན་གྱིས་གོ་ལག་མཁོ་སྤྲོད་བྱེད་རྒྱུར་བཀག་འགོག་བྱེད་ཀྱི་ཡིན་ཞེས་བཤད་ཡོད་པ་རེད།

ད་ཆ་ཨི་སི་རལ་དང་ཧ་མ་སི་རུ་ཁག་གཉིས་ཀྱི་དམག་འཁྲུག་འདི་འགོ་འཛུགས་བྱས་ཏེ་ལོ་གཅིག་ཙམ་ཞིག་སོང་ཡོད་པའི་སྐབས་འདིར་ཨི་སི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུས་རེས་གཟའ་ཉི་མའི་ཉིན་གྱི་གཏམ་བཤད་བྱས་པའི་ནང་ཨི་སི་རལ་གྱི་ཡུལ་དེ་ཨི་རན་གྱིས་སྣེ་ཁྲིད་པའི་མི་གསོད་ཁྲག་སྦྱོར་གྱི་ལྟ་བ་འཛིན་མཁན་ཁག་གིས་མཐའ་བསྐོར་ཡོད་པར་བརྟེན་ཧ་མ་སི་ཤོག་ཁ་ལ་མུ་མཐུད་གདོང་ལེན་བྱེད་ཀྱི་ཡིན་ཞེས་ནན་བརྗོད་གནང་ཡོད་པ་རེད།

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཚེ་བརྟན་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG