ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་དེ་བྷིན་ལཱ་ཌན་ལྟར་འཛིན་དཀའ་བར་གྱུར།


གསར་དུ་བསྐོ་བཞག་བྱས་པའི་ཧཱ་མཱའི་འགོ་གཙོ་ཡ་ཧུ་སན་ཝར་གྱི་པར་རིས་འཁོད་པའི་བརྡ་ཁྱབ་བྱང་བུ་ཞིག་འགྲེམ་སྟོན་བྱས་འདུག
གསར་དུ་བསྐོ་བཞག་བྱས་པའི་ཧཱ་མཱའི་འགོ་གཙོ་ཡ་ཧུ་སན་ཝར་གྱི་པར་རིས་འཁོད་པའི་བརྡ་ཁྱབ་བྱང་བུ་ཞིག་འགྲེམ་སྟོན་བྱས་འདུག

༄༅།། པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་(Yahya Sinwar)་ཨི་སི་རལ་དང་ཨ་མི་རི་ཀ་གཉིས་ཀས་འཛིན་བྱས་མ་ཐུབ་པར་ཨོ་ས་མ་བྷིན་ལཱ་ཌན་ལྟར་གྱུར། ཕྱི་ཟླ་༨་པའི་ཚེས་༢༦་ཉིན་དཔལ་འབྱོར་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཨི་རན་གྱི་རྒྱལ་ས་ཐེ་རན་གྱི་མགྲོན་ཁང་ཞིག་ཏུ་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤཱི་མེལ་ཧ་ནི་ཡཱེ་(Isamail Haniyeh)་བསད། ཕྱི་ཟླ་༧་པའི་ཚེས་༣༡་ཉིན་སིན་ཝར་སྒྲིག་འཛུགས་དེའི་ཆབ་སྲིད་འགོ་ཁྲིད་དུ་བསྐོས། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་ཨ་རི་དང་ཨི་སི་རལ་གྱི་གསང་བའི་ལས་ཁུངས་གཉིས་ཀྱིས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་སིན་ཝར་འཛིན་བཟུང་བྱས་ནས་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་མཇུག་སྒྲིལ་བྱ་རྒྱུའི་ཇུས་བཤམས། ཨི་སི་རལ་གྱི་དམག་ལ་གསང་བའི་གནས་ཚུལ་འབྱོར་ཏེ་དམིགས་བསལ་རུ་ཁག་ཅིག་ས་དོང་ནང་དུ་བཏང་ཡང་སིན་ཝར་བྲོས་ཟིན་ཞིང་། ས་དོང་ནང་དུ་ཡིག་ཆ་ཁག་ཅིག་དང་ཨ་སྒོར་ས་ཡ་༡༠་ཡས་མས་ཤིག་གི་རིན་འབབ་ཨ་སི་རལ་གྱི་དངུལ་སྒོར་ལས་མ་རྙེད།།

ཨི་རན་གྱི་རྒྱལ་ས་ཐེ་རན་གྱི་མགྲོན་ཁང་ཞིག་ཏུ་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤཱི་མེལ་ཧ་ནི་ཡཱེ་བསད།
ཨི་རན་གྱི་རྒྱལ་ས་ཐེ་རན་གྱི་མགྲོན་ཁང་ཞིག་ཏུ་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤཱི་མེལ་ཧ་ནི་ཡཱེ་བསད།

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་སིན་ཝར་གྱི་བཀོད་འདོམས་ལྟར་ཧ་མ་སི་ཤོག་ཁག་གིས་སྐམ་མཚོ་གནམ་གསུམ་ནས་ཨི་སི་རལ་ལ་རྒོལ་རྡུང་བྱས་ནས་མི་༡༢༠༠་བསད་པ་དང་མི་༢༥༡་བཙན་ཁྲིད། ཨི་སི་རལ་གྱིས་སིན་ཝར་གསོད་ཐབས་ཐེངས་འགའ་ཞིག་བྱས་ཀྱང་གསོད་མ་ཐུབ། གྷ་ཛའི་འཐབ་འཁྲུག་ལངས་པའི་རྗེས་སུ་སིན་ཝར་གྱིས་ཁ་པར་དང་གློག་འཕྲིན། སྤྱི་ཚོགས་འབྲེལ་མཐུད་ཀྱི་གློག་ཆས་རྣམས་བཀོལ་སྤྱོད་བྱ་རྒྱུ་མཚམས་བཞག ཁོ་པས་མི་མངགས་ནས་ཕན་ཚུན་བརྡ་ལན་སྐྱེལ་དུ་འཇུག་གི་ཡོད་པས་ཨི་སི་རལ་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྩད་གཅོད་མ་ཐུབ། ཨི་སི་རལ་དང་ཨ་རིའི་ཉམས་ཞིབ་པ་ཚོས་སིན་ཝར་གྱིས་ཨོ་ས་མ་བྷིན་ལཱ་ཌན་ལ་མིག་དཔེ་བལྟས། བྷིན་ལཱ་ཌན་གྱིས་༢༠༠༡་ལོའི་ཕྱི་ཟླ་༩་པའི་ཚེས་༡༡་ཉིན་ཨ་མི་རི་ཀར་རྒོལ་རྡུང་བྱས་པའི་གཞུག་ཏུ་བང་ཆེན་ཁོ་ན་བཏང་སྟེ་ཁ་པར་དང་གློག་འཕྲིན་མ་བཀོལ། ཨ་རིས་ལོ་མང་རིང་བྷིན་ལཱ་ཌན་འཛིན་མ་ཐུབ་པའི་ཐབས་ཇུས་རྣམས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་གསར་པས་ལག་ལེན་བསྟར་གྱི་འདུག་ཅེས་བཀྲལ།།

ཁ་ཊར་དང་ཨི་ཇེབ། ཨ་རི་དང་ཨི་སི་རལ་བཅས་ཀྱིས་གྷ་ཛའི་འཐབ་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་སིན་ཝར་ལ་འབྲེལ་བ་འཛུགས་མ་ཐུབ་པར་དོན་འབྲས་མ་སོན། སིན་ཝར་གྱི་བཀའ་འཁྲོལ་མེད་པར་གྷ་ཛའི་འཐབ་འཁྲུག་མཚམས་འཇོག་ཐུབ་རྒྱུ་སྲིད་ཐབས་བྲལ། ཨ་སི་རལ་གྱི་གསང་བའི་ལས་ཁུངས་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཚོགས་ཆུང་བཙུགས་ནས་སིན་ཝར་གྱིས་ཕྱི་ལ་འབྲེལ་བ་ཇི་ལྟར་བྱེད་ཀྱི་ཡོད་མེད། ཨི་སི་རལ་ལ་ས་འོག་གི་མི་དྲོད་བརྟག་དཔྱད་འཕྲུལ་ཆས་སྤྲད། ས་འོག་ཏུ་མི་སྐུང་ཡོད་པ་ཤེས་ན་དམག་མི་བཏང་ནས་དཔུང་འཇུག་བྱེད་ཀྱི་ཡོད་ཅིང་། ཨ་རི་དང་ཨི་སི་རལ་གྱི་འབྲེལ་ཡོད་ལས་སྣེ་ཚོས་སིན་ཝར་གསོད་པའམ། ཡང་ན་འཛིན་བཟུང་མ་ཐུབ་ན་གྷ་ཛའི་དམག་འཁྲུག་མཚམས་འཇོག་བྱེད་མི་ཐུབ་པའི་ངེས་ཤེས་རྙེད།།

ཕྱི་ཟླ་༨་པའི་ཚེས་༢༦་ཉིན་ཇཱེ་རུ་ས་ལམ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སིན་ཝར་གྱིས་མོ་ཆས་སྤྲས་ནས་གྷ་ཛའི་མི་ཚོགས་ཁྲོད་དུ་ཡིབ། ཁོ་པ་ཨི་སི་རལ་གྱི་ལག་ཏུ་མི་ཐེབས་པའི་ཆེད་དུ་ས་གནས་གཅིག་ནས་གཅིག་ལ་སྤོས་ཏེ་ས་དོང་ནང་དུ་སྐུང་། ཟླ་བ་སྔོན་མར་ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གི་དམག་དཔུང་བཀོད་འདོམས་པ་མྷོ་མེ་ད་ཌེ་ཡེབ་བསད། ཨི་སི་རལ་གྱི་གསང་བའི་མི་སྣ་ཞིག་གིས་སིན་ཝར་བྲོས་ནས་འགྲོ་ས་དང་སྐུང་ཇེ་ཉུང་རེད། ཁོ་པས་གྷ་ཛའི་འཐབ་འཁྲུག་མཚམས་འཇོག་བྱ་དགོས་ན་ཚེ་ཐར་གཏོང་དགོས་ཞེས་ཆ་རྐྱེན་འདོན་གྱི་འདུག སྔོན་ཆད་ཁོ་པ་བརྙན་འཕྲིན་ནང་དུ་ཐོན་པ་དང་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཁག་ལ་ཞུགས་རྒྱུར་དགའ། ཉེ་དུས་ཤིག་ནས་སིན་ཝར་གྱིས་རང་གི་བདེ་འཇགས་ལ་འཛེམས་ནས་ཕྱི་ལ་ཐོན་རྒྱུ་ཉུང་དུ་ཕྱིན་སོང་། ཨི་སི་རལ་གྱི་དམག་གིས་སིང་ཝར་འཛིན་གྲབས་ཐེངས་འགའ་ཞིག་བྱས་ཀྱང་ལག་ཏུ་མ་ཐེབས། ཐེངས་གཅིག་ཨི་སི་རལ་གྱི་དམག་མི་བསླེབས་པ་ན་སིང་ཝར་གྱིས་འཚིག་ཇ་དྲོད་མ་ཡལ་བར་ཇ་ཚ་པོར་བཞག་སྟེ་བྲོས་མ་ཐག་རེད་ཅེས་བསྟན།།

ཕྱི་ཟླ་༨་པའི་ཚེས་༢༥་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གྷ་ཛའི་དམག་འཁྲུག་ལངས་ནས་བཟུང་སྟེ་པ་ལི་སི་ཐན་བ་ཁྲི་ཚོ་༤་ལྷག་བསད། ཨི་སི་རལ་གྱིས་དྲག་སྤྲོད་པ་༡༧༠༠༠་དང་འཇིགས་སྐུལ་རིང་ལུགས་པ་༡༠༠༠་ལྷག་བསད་པ་ཡིན་ཞེས་བསྒྲགས། འདས་པའི་ཟླ་བ་༡༠་ལྷག་གི་རིང་དམག་འཁྲུག་ལངས་ཏེ་གྷ་ཛ་ཐང་གཤོངས་སུ་ལྷ་ཁང་དང་སྨན་ཁང་། སློབ་གྲྭ་དང་ཚོང་ཁང་སོགས་ཁང་པ་གཏོར་སྐྱོན་མ་ཕོག་པ་ཞིག་མཐོང་རྒྱུ་མེད། གྷ་ཛའི་པ་ལི་སི་ཐན་བ་ས་ཡ་༢་ལྷག་གིས་དམག་འཁྲུག་དང་བཀྲེས་ལྟོགས། ན་ཚ་སོགས་ཀྱི་འཇིགས་སྣང་མྱོང་། ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་སིང་ཝར་བསད་པ་དང་འཛིན་བཟུང་ཐུབ་ཚེ། གྷ་ཛའི་དམག་འཁྲུག་མཇུག་སྒྲིལ་ཐུབ་པ་དང་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུར་རྒྱལ་ཁ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་མི་གཏའ་བཙན་ཁྲིད་བྱས་པ་རྣམས་གློད་གྲོལ་གྱི་གྲོས་མོལ་ལ་ཕན་ཐོགས་ཡོད་མེད་སོམ་ཉིའི་གནས་སུ་ཟད།།

པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་
པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཡཱ་ཡ་སིན་ཝར་

ཡཱ་ཡ་སིན་ཝར་ནི་༡༩༦༢་ལོར་གྷ་ཛའི་སྐྱབས་བཅོལ་བའི་གཞིས་སྒར་ཞིག་ཏུ་སྐྱེས། ཁོ་པ་ཉུང་མཐར་ཡང་ལོ་༢༢་ལ་ཨི་སི་རལ་གྱི་བཙོན་དུ་བསྡད་དེ་ཧིབ་རིའུ་སྐད་ཡིག་དང་ཨི་སི་རལ་གྱི་རིག་གཞུང་སྦྱངས། ༡༩༨༩་ལོར་ཨི་སི་རལ་གྱིས་སིན་ཝར་འཛིན་བཟུང་བྱས་ནས་འཇིའུ་བ་༢་དང་པ་ལི་སི་ཐན་བ་༤་བསད་པའི་ནག་ཉེས་ཐོག་ཏུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ༢༠༡༡་ལོར་ཨི་སི་རལ་གྱི་དམག་མི་ཞིག་སྐྱོབ་ཐབས་སུ་པ་ལི་སི་ཐན་བ་དང་ཨི་སི་རལ་གྱི་ཨ་རབ་སྤྱི་དམངས་༡༠༠༠་ལྷག་གློད་གྲོལ་བཏང་བའི་གྲས་སུ་སིང་ཝར་གློད་གྲོལ་ཐོབ། ༢༠༡༥་ལོར་ཨ་མི་རི་ཀས་སིན་ཝར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་ཞིག་ཏུ་བརྩིས། ༢༠༡༧་ལོར་སིན་ཝར་གྷ་ཛའི་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་ཚུད། སིན་ཝར་གྱིས་ཨི་སི་རལ་ལ་ངན་འབྲེལ་བྱེད་མཁན་དོགས་གཞི་ཅན་མི་༡༢་བསད་པ་ཡིན་ཞེས་ཁས་བླངས། དེར་བརྟེན་ཁོ་པར་ཁན་ཡུ་ནི་སི་གཞིས་སྒར་གྱི་བཤན་པ་ཞེས་མིང་ཐོགས།།

ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཧིའུ་ལོ་ཝ་ཏས་(Hugh Lovatt)་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་དེར་སིན་ཝར་བསྐོ་རྒྱུ་ཡིན་པ་སུས་ཀྱང་སྔོན་དཔག་ཐུབ་མེད། ཁོ་པ་ཨི་རན་དང་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལ་འཇབ་དམག་ཤོག་ཁག་ལ་འབྲེལ་བ་དམ་ཟབ་ཡོད་པས་ཨི་སི་རལ་ལ་འཁྲུག་རྩོད་བསླངས་ནས་འགལ་ཟླ་ཆེ་རུ་འགྲོ་ཤས་ཆེ། ཨི་ཤཱི་མེལ་ཧ་ནི་ཡཱེ་བསད་པའི་རྗེས་སུ་ཧ་མ་སི་ཤོག་ཁག་ལ་ཕྱི་རྒྱལ་དུ་འགོ་ཁྲིད་མེད་པར་གྱུར་པ་རེད་ཅེས་བཤད། པ་ལི་སི་ཐན་གྱི་ཆབ་སྲིད་ཉམས་ཞིབ་པ་ནུར་ཨོ་དཱེ་(Nour Odeh)་ཞེས་པ་ཞིག་གིས་མེ་འཕེན་མཚམས་འཇོག་གི་གྲོས་མོལ་གྱི་ལྡེ་མིག་སིན་ཝར་གྱི་ལག་ཏུ་ཡོད་པ་རེད་ཟེར། ཉམས་ཞིབ་པ་ཕལ་ཆེ་བས་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤཱི་མེལ་ཧ་ནི་ཡཱེ་བསད་པའི་རྗེས་སུ་སིང་ཝར་ཤོག་ཁག་དེའི་འགོ་ཁྲིད་ལ་བདམས་ནས་མཁྲེགས་འཛིན་པ་ཚོར་རྒྱལ་ཁ་ཐོབ་པ་རེད། ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་གྲས་སུ་ཨི་ཤཱི་མེལ་ཧ་ནི་ཡཱེ་ལྟ་བུའི་བཏང་སྙོམས་ཀྱི་ལྟ་བ་འཛིན་མཁན་ཉུང་ཉུང་རེད་ཅེས་གནས་ཚུལ་ཐོན་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེས་མེ་འཕེན་མཚམས་འཇོག་གི་གྲོས་མོལ་ལ་སིན་ཝར་གྱིས་ཐག་གཅོད་གཙོ་བོ་བྱེད་ཀྱི་འདུག ད་ལྟ་སིན་ཝར་གྱི་ཁ་གཏད་དུ་ལངས་ཏེ་གུ་བཤངས་བྱ་དགོས་ཟེར་མཁན་ཨི་ཤཱི་མེལ་ཧ་ནི་ཡཱེ་མེད། སིན་ཝར་ལ་འབྲེལ་བ་བྱས་ནས་ལན་ཞིག་འབྱོར་བར་ཉི་མ་མང་པོ་འགོར་གྱི་འདུག ཁོ་པས་གྲོས་མོལ་སྐབས་སུ་འབྲེལ་བ་བཅད་ནས་ལན་རྒྱག་གི་མེད་པ་དང་ཨི་ཤཱི་མེལ་ཧ་ནི་ཡཱེས་ཕྱི་འབྲེལ་བཙུགས་ཡོད་པ་རྣམས་རྒྱུན་འཁྱོངས་ཇི་ལྟར་བྱ་རྒྱུ་ཡིན་མིན་ངེས་གཏན་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག ཧ་མ་སི་ཤོག་ཁག་གི་དམག་དོན་དང་ཆབ་སྲིད་ཚན་པ་གཉིས་གཅིག་གྱུར་བྱ་རྒྱུ་དང་། དེ་བཞིན་རྒྱ་ནག་གི་བར་འདུམ་ལྟར་ཧ་མ་སི་ཤོག་ཁག་དང་པ་ལི་སི་ཐན་གྱི་ཧྥ་ཐ་དབང་འཛིན་ཤོག་ཁག་གཉིས་གཅིག་གྱུར་བྱ་རྒྱུ་ནི་དེ་བས་ཀྱང་དཀའ་ངལ་ཆེ་རུ་ཕྱིན་ཡོད་པའི་གསར་འགྱུར་ཐོན་འདུག

གླེང་སྟེགས།

XS
SM
MD
LG