ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

དེང་སྐབས་རྒྱ་མི་རིགས་ཉི་ཧོང་གི་ཡུལ་མི་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ།


རྒྱ་ནག་དང་ཉི་ཧོང་གི་རྒྱལ་དར་གཉིས་ཨེ་ཤེ་ཡའི་རྩེད་འགྲན་སྐབས་སུ།
རྒྱ་ནག་དང་ཉི་ཧོང་གི་རྒྱལ་དར་གཉིས་ཨེ་ཤེ་ཡའི་རྩེད་འགྲན་སྐབས་སུ།

རང་ལོ་༤༢ལ་སོན་པ་འཕྲུལ་ཆས་ཕྱེད་འདྲེན་བཟོ་བསྐྲུན་པ་རྒྱ་རིགས་སུན་ལི་ཅུན་གྱིས་རྒྱ་ནག་ནང་མཁའ་རླུང་དང་། ཆུང་དུས་ཤེས་ཡོན་སྤྲོད་ཕྱོགས། དེ་བཞིན་དཔལ་འབྱོར་དང་འབྲེལ་བའི་མི་ཚེ་སྐྱེལ་སྟངས་ཀྱི་ཚད་གཞི་དམའ་བ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་ལོ་བཅུ་ཕྲག་གཅིག་གི་སྔོན་ལ་རྒྱ་ནག་ནས་ཉི་ཧོང་ལ་གནས་སྤོ་བྱ་རྒྱུའི་སྐོར་ལ་ཐོག་མར་གླེང་བ་ཡིན་ཞེས་བརྗོད་འདུག དེ་ནས་ཕྱི་ལོ་༢༠༢༡ལོའི་ནང་སུན་ལི་ཅུན་དང་ཁོང་གི་བཟའ་ཟླ་ ཕྲུག་གུ་གཉིས་བཅས་ནང་མི་རྣམས་ཀྱིས་རྒྱ་ནག་ནང་མི་ཚེ་སྐྱེལ་མཚམས་བཞག་སྟེ་ཉི་ཧོང་གི་གྲོང་ཁྱེར་ཨོ་ཀི་ནཱ་ཝར་གནས་སྤོ་བྱས་འདུག སུན་ལི་ཅུན་གྱིསཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ཐོག་མར་ཉི་ཧོང་ལ་ཚོང་ལས་འཛིན་སྐྱོང་དང་འབྲེལ་བའི་ཐོངས་མཆན་ཝི་ས་ཞུས་ནས་ཡོང་བ་ཡིན། དེ་ནས་རིམ་པས་ཉི་ཧོང་ནང་མི་ཚེ་སྐྱེལ་རྒྱུ་འགོ་འཛུགས་བྱས་པ་ཡིན་ཞེས་བརྗོད་འདུག

རྒྱ་ནག་ནས་ཉི་ཧོང་ལ་གནས་སྤོ་བྱེད་མཁན་རྒྱ་རིགས་སུན་ལི་ཅུན་གཅིག་པོ་མ་ཡིན་པར་ཁོང་འདྲ་བ་རྒྱ་རིགས་སྟོང་ཕྲག་མང་པོ་ཉི་ཧོང་ལ་གནས་སྤོ་བྱས་ནས་བསྡད་ཡོད་ཅིང་། ཉི་ཧོང་ནང་ཕྱི་མི་གནས་སྤོ་བྱེད་མཁན་གྱི་གྲངས་འབོར་མང་ཤོས་རྒྱ་རིགས་ཆགས་ཡོད། ཉི་ཧོང་གི་ཕྱི་མི་གཞིས་སྤོས་ལས་དོན་ལྷན་ཁང་གི་ཐོ་བཀོད་བྱས་པར་གཞིགས་ན། ན་ནིང་ལོ་མཇུག་བར་དུ་ཉི་ཧོང་ནང་རྒྱ་རིགས་མི་གྲངས་བརྒྱད་འབུམ་ཉི་ཁྲི་ཆིག་སྟོང་བརྒྱད་རྒྱ་གསུམ་བཅུ་སོ་བརྒྱད་བྱུང་འདུག་པ་དང་། དེ་ནི་ཕྱི་ལོ་༢༠༢༢ལོ་ནས་རྒྱ་རིགས་མི་འབོར་བརྒྱ་ཆ་༡༣ཡར་འཕར་ཡོད་པའི་འགྲེལ་བརྗོད་བྱས་འདུག་ ཉི་ཧོང་ནང་མི་སྣ་རྒན་གྲས་ཀྱི་གྲངས་འབོར་མང་དུ་འགྲོ་གི་ཡོད་པ་དང་། ལས་མི་མི་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན་ཕྱི་མི་གཞིས་སྤོས་ཀྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་རྒྱལ་ཁབ་གཞན་ནས་ཆེད་ལས་མི་སྣ་མང་ཙམ་འགུགས་ཐབས་བྱེད་ཀྱི་ཡོད་སྟབས་ཕྱི་ལོ་༢༠༡༩ལོ་ནས་འགོ་འཛུགས་ཀྱིས་ཉི་ཧོང་ནང་ཕྱི་མི་གཞིས་སྤོས་ཀྱི་དམ་བསྒྲག་སྲིད་བྱུས་ཕྲན་བུའི་ལྷུག་ཏུ་བཏང་བ་རེད། ཉི་ཧོང་ནང་ཕྱི་མི་གཞིས་སྤོས་ཀྱི་སྲིད་བྱུས་ལ་འགྱུར་བ་བཏང་པ་ལ་བརྟེན་ནས་ཤུགས་རྐྱེན་ཡང་གང་ལ་གང་ཙམ་ཐེབས་ཡོད། དཔེར་ན། རྒྱ་རིགས་མང་པོ་ཞིག་ཉི་ཧོང་ནང་གནས་སྤོ་བྱས་ཏེ་ཁོང་ཚོས་ས་ཁང་ཉོ་སྒྲུབ་བྱས་པའི་རྐྱེན་གྱིས་ཉི་ཧོང་གི་རྒྱལ་ཡོངས་ས་ཁུལ་གང་སར་ས་ཁང་གི་རིན་གོང་ཧ་ཅང་མཐོ་རུ་སོང་ཡོད། ཉི་ཧོང་གི་རྒྱལ་ས་ཀྲོག་ཁྱོའི་ནང་བརྟེན་གཞི་བྱས་པའི་ས་ཁང་ཉོ་ཚོང་དང་འབྲེལ་བའི་དཔལ་འབྱོར་ལྟེ་གནས་ཁང་གིས་སྙན་ཐོའི་ནང་ཉི་ཧོང་གིས་འབྲིང་རིམ་ཕྱི་མི་གཞིས་སྤོས་པ་དང་རྒྱ་རིགས་འབྱོར་ལྡན་མི་སྣ་བཅས་ཉི་ཧོང་ནང་འགུགས་ཐབས་བྱས་པ་དེས་ཉི་ཧོང་ནང་གི་ས་ཁང་གི་རིན་བབ་ཧ་ཅང་མཐོ་བོར་སླེབས་ཡོད། དཔེར་ན། ཕྱི་ལོ་༢༠༢༢ལོ་ནས་ས་ཁང་གི་རིན་གོང་བརྒྱ་ཆ་༤༠ཙམ་ཡར་འཕར་ཡོད་པའི་འགྲེལ་བརྗོད་བྱས་འདུག

འབྱོར་ལྡན་རྒྱ་རིགས་མང་པོ་ཉི་ཧོང་ལ་གནས་སྤོ་བྱེད་དགོས་པའི་རྒྱུ་མཚན་ནི་ གཙོ་བོ་ཉི་ཧོང་དང་མི་འདྲ་བར་རྒྱ་ནག་ནང་ཆབ་སྲིད་ཀྱི་གནས་སྟངས་བརྟན་པོ་མེད་པ་དང་། ཉི་ཧོང་ནང་སྨན་བཅོས་དང་རྒན་ཡོལ་གྱི་མཐུན་རྐྱེན། དེ་མིན་ཐོབ་ཐང་གཞན་བཟང་བ་ཡོད་པ་མ་ཟད། ཉི་ཧོང་ནང་གལ་ཏེ་མི་སྒེར་པ་ཞིག་གིས་ས་ཁང་ཉོས་པ་ཡིན་ཚེ་ས་ཁང་དེ་རང་ལ་བདག་དབང་ཡོད། འོན་ཀྱང་རྒྱ་ནག་ནང་མི་སྒེར་གྱིས་ས་ཁང་བདག་དབང་བྱེད་མཁན་དེ་ཙམ་མེད། དེ་དང་ཕྱོགས་མཚུངས་ཧོང་ཀོང་བ་ཉི་ཧོང་ནང་གནས་སྤོ་བྱེད་མཁན་ཚོར་དམིགས་པའི་ཕྱི་མི་གཞིས་སྤོས་ལས་དོན་ཞབས་ཞུ་ཁང་གི་སློབ་སྟོན་པ་ཝ་ཀྲར་ལིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ཧོང་ཀོང་ས་གནས་ནང་དུའང་ཆབ་སྲིད་བརྟན་ལྷིང་མེད་པར་བརྟེན་ཧོང་ཀོང་བ་ཉི་ཧོང་ལ་གནས་སྤོ་བྱེད་མཁན་ཡང་མང་དུ་ཕྱིན་ཡོད་པའི་འགྲེལ་བརྗོད་བྱས་འདུག

གཞི་རྐང་རྒྱ་རིགས་མང་པོ་ཉི་ཧོང་ལ་གནས་སྤོ་བྱས་པའི་རྐྱེན་གྱིས་དམིགས་བསལ་རྒྱལ་ས་ཀྲོག་ཁྱོ་ནང་ས་ཁང་གི་རིན་གོང་ཧ་ཅང་མཐོ་བོར་སླེབས་པ་མ་ཟད། རྒྱ་ནག་དང་ཉི་ཧོང་གཉིས་ཡུལ་བབ་ཀྱི་གནས་སྟངས་ལ་བརྟེན་ནས་ཕན་ཚུན་མཐུན་པོ་མེད་ནའང་། ཉི་ཧོང་མང་ཚོགས་ཀྱིས་ཡུལ་དེའི་ནང་གནས་སྤོ་བྱེད་མཁན་རྒྱ་རིགས་ཚོར་ལྟ་སྟངས་བཟང་པོ་ཡོད་པའི་འགྲེལ་བརྗོད་བྱས་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG