ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

བོད་ཀྱི་གཞོན་ནུའི་ཚོགས་མི་ཚོས་རྒྱ་ནག་གཞུང་ཚབ་ལ་རྒོལ་མཆོང་།


༄༅།། ཕྱི་ཟླ་༣་པའི་ཚེས་༡༠་ཉིན་བོད་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༦༢་པ་སྲུང་བརྩི་ཞུས་པའི་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༥༠་ཐམ་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་རྒོལ་མཆོང་བྱས་ནས་ངོ་རྒོལ་ལས་འགུལ་སྤེལ། ད་ཐེངས་ཀྱི་ལས་འགུལ་དེར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་དང་ཨུ་ཏར་ཁན་མངའ་སྡེའི་རྡེ་ར་རྡུན་གྲོང་ཁྱེར་གཡས་གཡོན་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལན་ཡག་ཚོགས་པ་༦་གི་ཚོགས་མི་༥༠་ཐམ་པ་ལྡི་ལིར་ཕེབས་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་རང་བཙན་གཙང་མ་ཡིན། རྒྱ་ནག་གཞུང་གིས་བོད་ལ་དྲག་གནོན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་འབོད་ཚིག་བསྒྲགས་སོང་།།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་གིས་ད་ལྟའི་བར་དུ་བོད་པའི་རང་དབང་འཐབ་རྩོད་དང་སེམས་ཤུགས་རྒྱུན་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་གཞིས་ལུས་བོད་མི་དམངས་ཀྱི་སྙིང་སྟོབས་ཡིན། དེ་རིང་གི་འགུལ་ལ་ཚོགས་མི་༥༠་ཐམ་པ་མཉམ་ཞུགས་བྱས་པ་ནི་ལོ་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་༥༠་འཁོར་བར་རྗེས་དྲན་མཚོན་ཆེད་དུ་ཡིན་ཞེས་བཀྲལ། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་ལས་འགུལ་བ་ཚང་མ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཅ་ན་ཀི་ཡ་པུ་རི་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་སུ་དུས་ཡུན་ཆུ་ཚོད་ཁ་ཤས་ལ་བཀག་ཉར་བྱས་ཡོད་པ་རེད།།

གསུམ་བཅུའི་དུས་དྲན་ཐེངས་༦༢་པའི་སྐབས་དེར་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་སྒར་བསམ་ཡས་གླིང་ནས་ཇན་ཏར་མན་ཏར་བར་དུ་གོམ་བགྲོད་བྱས་པར་མ་ཟད། ཁོང་གིས་ཟླ་བ་གཅིག་ལ་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལིའི་བར་དུ་བོད་དོན་གོམ་བགྲོད་གྱི་ཞི་བའི་ལས་འགུལ་ཞིག་སྤེལ་བ་མཇུག་བསྒྲིལ། ལྷག་པར་དུ་བསྟན་འཛིན་བརྩོན་འགྲུས་ཀྱིས་ཐེངས་འདིའི་གོམ་བགྲོད་དུས་སུ་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་དང་རྩ་འཛིན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་དྲིལ་བསྒྲགས་བྱས་འདུག ཁོང་གི་སྙན་ཞུ་དེར་རྒྱ་གར་བ་ཁྲི་ཚོ་༥་ལྷག་གིས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་ནས་གསུམ་བཅུའི་དུས་དྲན་ཉིན་སྲིད་བློན་མོ་དྷིའི་ལས་ཁུངས་སུ་ཕུལ། བསྟན་འཛིན་བརྩོན་འགྲུས་ཀྱིས་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདིར་གནད་འགག་ཆེན་པོ་ཡོད། མང་ཚོགས་ཀྱིས་མུ་མཐུད་དུ་ལས་འགུལ་དེར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པའི་སྐོར། ལྡི་ལི་གསར་པ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG